ཀྲུང་གོ་བོད་ཀྱི་དྲ་བ།

བོད་རབ་རྒྱན་ས་ཕག་ལོའི་གནམ་ལོ་གསར་པའི་ལེགས་སྐྱེས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྨ་ལྷོ།དཀོན་མཆོག་ཚེ་རིང་།   སྤེལ་དུས། : 2019-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕུན་ཚོགས་སྡེ་བཞིའི་རླབས་ཀྱི་ཆུ་གཏེར་སྒྲ། །

སྙན་པ་དབྱར་གསུམ་སྤྲིན་གྱི་རང་སྒྲ་སྒྲོག །

སྐལ་བཟང་ལུགས་གཉིས་རྫོགས་པ་མདོངས་མཐའི་གར། །

ལོ་གསར་ཚེས་གཅིག་བསུ་བའི་དཔལ་དུ་སྒེག །

མཚོ་བྱུང་ལྷ་མོའི་ཕང་འགྲོའི་སྙན་པའི་དབྱངས། །

དྲི་ཟའི་བུ་མོས་གར་དགུའི་ཉམས་སྟོན་བཞིན། །

རྟེན་འབྲེལ་ཤིས་བརྗོད་སྦྲང་ཆར་གསར་པའི་རྒྱུན། །

ཁ་བའི་ཟོལ་གྱིས་དཔྱིད་གསར་བསུ་ལ་རངས། །

ཀུན་གསལ་བླ་བྲེ་སྤྲིན་དཀར་ཡངས་པོའི་འོག །

གོ་ལ་ཟླུམ་པོའི་དབང་ཕྱོགས་འཛིན་མའི་ལྟོར། །

རྣམ་སྲས་འབྱོར་བ་རྒྱས་འདི་ཀྲུང་ཧྭ་ཞེས། །

ཕྱོགས་ཀྱི་བུ་མོས་རྣ་བའི་རྒྱན་དུ་འཛིན། །

ཡུལ་གྱི་འཁོར་རྒྱ་མིའུ་ཐུང་གོམ་པས་ངལ། །

ནང་གི་འབྱོར་བ་རྣམ་སྲས་མཛོད་ལ་རེག །

ཐ་དད་མི་རིགས་རྒྱུ་སྐར་གྲངས་ལ་འཕྱ། །

གནམ་ལོའི་དུས་སྟོན་བློ་སེམས་གཅིག་གིས་བསུ། །

ཞིང་འབྲོག་ཐོན་སྐྱེད་སྐབས་གསུམ་གནས་ཀྱི་ལྟོར། །

ཞུགས་པའི་མི་མཐུན་ལྷ་མིན་དཔུང་གི་ཚོགས། །

མི་འཇིགས་དཔུང་བ་བཞི་ཡིས་འཇོམས་མཛད་པ། །

དམག་དཔོན་རིན་ཆེན་བཟང་པོའི་ཆབ་སྲིད་བརྟན། །

ཕུན་ཚོགས་དོན་གཉིས་རབ་ཏུ་འགྲུབ་པ་ལ། །

མི་འདོད་ཉེས་གསུམ་སྐྱོན་དང་བྲལ་བའི་ཆོས། །

མ་འོངས་ལས་བཞིའི་འདོད་དགུ་འཇོ་བའི་བ། །

ནོར་བུ་དཔག་བསམ་རིན་ཆེན་འདི་ན་མཛེས། །

ཕུལ་བྱུང་བཟོ་རིག་བ་གམ་ཁང་བཟང་དུ། །

ཕུལ་བྱུང་འཇོ་སྒེག་སྲི་ཞུའི་ཟག་མེད་བདེ། །

ཕུལ་བྱུང་ཟས་དང་བདུད་རྩིའི་གསེར་སྐྱེམས་ཀྱིས། །

ཕུལ་བྱུང་བཀྲེས་སྐོམ་གདུང་སེལ་བཙུན་མོ་མཆོག །

རྒྱལ་ཁྲིམས་གསེར་གྱི་སྲང་ཆ་ཀུན་ལ་སྙོམས། །

འཇུག་ལྡོག་ལས་ཀྱི་མེ་ལོང་ལྷང་ངེར་གསལ། །

ས་སྐྱོང་ཡིད་བཞིན་སྒྲུབ་པའི་ཕོ་ཉ་བ།

འགྲོ་བའི་མིག་གཅིག་བློན་པོ་རིན་ཆེན་རྒྱལ། །

འགྲིམ་འགྲུལ་དྲ་བ་མིག་མངས་རིས་སུ་བཀྲ །

ནང་གི་འབྱོར་བ་གླིང་བཞིའི་ཟོང་དུ་འདྲེན། །

གཞན་ཕན་ལྷག་བསམ་གངས་ཀྱི་རི་ཡི་དཔེ། །

ངལ་བརྒྱ་ཐེག་མཁས་གླང་པོ་རིན་ཆེན་རྒྱལ། །

རྨད་བྱུང་ནོར་གྱི་གཡང་གཅིག་ཡིད་བཞིན་དབང་། །

སཱ་ལའི་སྨན་ལྗོངས་གངས་ཀྱི་ར་བ་མར། །

འགུགས་པའི་འདུན་པ་སྟོང་གི་གོམ་སྒྲ་ཡིས། །

བསྐྱོད་པའི་ཅང་ཤེས་རྟ་མཆོག་རིན་ཆེན་རྒྱལ། །

བཟོ་རིག་གདུགས་དཀར་བདེ་འབྱུང་གཙུག་གི་རྒྱན། །

གསོ་རིག་བུམ་བཟང་སྲོག་འཚོའི་བདུད་རྩི་འཁྱིལ། །

སྒྲ་རིག་རྒྱལ་མཚན་སྟོང་བའི་དབྱིངས་སུ་གཡོ། །

སྙན་ངག་པད་གཞོན་མངར་ལྡན་ཁུར་གྱིས་དུད། །

མངོན་བརྗོད་གསེར་མིག་རྩོམ་རྩལ་ཁོང་ན་འཁྱུག །

སྡེབ་སྦྱོར་དཔལ་བེའུ་མཛེས་པའི་བཅད་ལྷུག་སྤེལ། །

རྩོམ་ཉམས་ཡོངས་སུ་བརྟས་པའི་དགེ་ལེགས་སྤེལ། །

དཀར་ནག་རྩིས་གཞུང་འཕྲུལ་གྱི་ཤིང་རྟ་ཡིས། །

ཕྱི་ནང་གསང་བའི་རྨོངས་པ་མཐའ་རུ་བརྟོལ། །

མཚར་སྡུག་ཟློས་གར་དགའ་མ་མིག་ཡངས་མས། །

མ་ལུས་སྐྱེ་དགུའི་ཡིད་བརྟན་འཕྲོག་ལ་དོགས། །

ཨེ་ཝ་ཉི་ཟླའི་སྣང་བས་བཅུ་ཕྲག་ཚལ། །

ཕྱོགས་མེད་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །

མ་ལུས་སྐྱེ་འགྲོའི་ཡིད་ཀྱི་རྨོངས་པ་ཀུན། །

བསལ་ནས་བཅུད་བརྒྱའི་ཁུར་གྱིས་དུད་པར་ཤོག །

བཀྲ་ཤིས་ལྷ་རྔའི་དབྱངས་དང་འགྲོགས་པ་ལས། །

བཀྲ་ཤིས་ལྷ་རྫས་དཀར་པོ་མཐོར་བཏེགས་ནས། །

བཀྲ་ཤིས་ཚོན་སྣ་བྲིས་པའི་ཁང་བཟང་དུ། །

བཀྲ་ཤིས་ཉམས་དགུས་གནམ་ལོ་གསར་བ་བསུ། །

2019ལོའི་ཟླ1 ཚེས10ལ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།