ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོ་གནས་འདིར་ཤིན་ཏུ་འཁྱགས།

    སྤེལ་དུས། : 2019-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

381576756666242180.jpg

ད་ལོ་གནས་འདིར་ཤིན་ཏུ་འཁྱགས།
               
          ཁྲི་གོང་ཨོ་རྒྱན་ཚེ་རིང་།
 
སྤྱིར་ན་དགུན་ཁ་ཟེར་དུས
ཁ་བའི་གདོང་ནས་གྲང་རེག་གི་ན་ཟུག་དང
འཁྱགས་རོམ་གྱི་མཐའ་ནས་ཁ་བའི་འདབ་མ་འཐུ་བཞིན
ལོ་གཅིག་གི་ཡོད་ཚད་སེམས་ལ་བསྙལ་དགོས་ཀྱང
ད་ལོ་གནས་འདིར་ཁ་བ་ཕར་ཞོག
བྱེའུ་ཞིག་གི་གྲིབ་མ་ཞིག་ཀྱང་མཐོང་རྒྱུ་མི་འདུག
 
གོ་ཚོད་ལ་ཕ་ཡུལ་དུ་ཁ་བའི་དྲི་རྟགས་མཐུག་ཀྱང
ཕུ་ནུ་ཚོས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་འདུག་ཟེར
ཡིན་ན་ཡང
གནས་འདིར་གནམ་མཁའ་བཞིན་སྟོང་ལྷང་ངེར
གྲགས་འགུལ་ཅི་ཡང་མེད་པ
ཕལ་ཆེར་ཁ་བ་མེད་པའི་རྐྱེན་གྱིས་ཡིན་རྒྱུ་རེད
 
མཚམས་མཚམས་ལ
འུ་ཐུག་ན་ཆར་སྤྲིན་ཞིག་གི་འོག་ནས
ཁ་བའི་ཞབས་རྗེས་བཙལ་དགོས་ཤིང
བསིལ་རླུང་རེ་རེའི་འགྲམ་ནས
གྲང་རེག་གི་འདུ་ཤེས་བརྡར་དགོས་མོད
འོན་ཀྱང   ད་ལོ་གནས་འདིར་ཤིན་ཏུ་འཁྱགས
 
ང་རེ་འགར་བར་སྐོར་ལ་འགྲོ་དུས
དད་པའི་སྤུ་ལོང་གཡོ་བའི་མི་ཚོགས་ཀྱི་བཞུར་རྒྱུན་ཁྲོད་དུ
ཟུངས་ཁྲག་ཁོལ་མ་ཞིག་གི་གོམ་སྒྲ་ཐོས་ཤིང
ཕ་ཡུལ་གྱི་གོན་པ་གྱོན་པའི་མིག་ཟུང་མང་པོ་མཐོང་ཡང
ལན་རེར་ལྐུགས་པ་ཞིག་གི་ཚུལ་གྱིས
ཕུ་ནུའི་བར་དུ་ཡང་སྨྲ་སྒོ་གཅོད་དགོས་ལ
སྤྲང་བོ་ཞིག་གི་ཚུལ་གྱིས་རང་ས་རང་ཡུལ་ནས
འཐབ་འཛིང་མེད་ཀྱང་སྐྱབས་གནས་བཙལ་དགོས
ང་ནོར་པ་མིན་ན
ད་ལོ་གནས་འདིར་ཤིན་ཏུ་འཁྱགས
 
ཞོགས་པའི་ཉི་འོད་ཕ་མའི་བྱམས་བརྩེའི་བཞིན
པོ་ཏཱ་ལའི་རྒྱ་ཕིབས་ལས་རིམ་བཞིན་ས་གཞིར་ཁྱབ་དུས
ཁྱེད་ཀྱི་འཛུམ་མདངས་ཉི་འོད་བཞིན
དྲོད་ལམ་ལམ
ངའི་སེམས་ཁོང་བརྟོལ་ནས་འོང་མོད
ད་ལོ་གནས་འདིར་ཤིན་ཏུ་འཁྱགས
 
གལ་ཏེ་དཔྱིད་ཀ་འབྲི་མོའི་སོག་སྒང་ནས་སོས་ཤིང
དབྱར་ཁ་མེ་ཏོག་གི་དྲི་ངད་ལས་ཚོར་དགོས་ན
དགུན་ཁའང་མེ་ཐབ་ཀྱི་མཐའ་འཁོར་ནས་ཤོད་བཞིན་ཤོད་བཞིན
ཇག་རྐུན་ཞིག་གི་ཚུལ་གྱིས་སྒོ་སྲུབས་ནས་འཇབ་ནས་ཡོང་དགོས་ལ
ཚང་མ་འོད་ལམ་ལམ་འགྲོ་ཞིང
ཚང་མ་འོད་ལམ་ལམ་ཉལ་ཡང
ཁ་བ་མེད་པའི་དགུན་ཁ་འདིར
ཡོད་ཚད་འདར་སིག་སིག   གྲང་ཤུར་ཤུར
ལོ་རྒྱུས་ཤིག་གི་གྲིབ་བསིལ་ན་རང་གི་གྲིབ་མ་འཚོལ་གྱིན་འདུག
 
ཕལ་ཆེར་ང་ནོར་པ་མིན་ན
ད་ལོ་གནས་འདིར་ཤིན་ཏུ་འཁྱགས
 
                                       ༢༠༡༨.༢.་༡༤ཉིན་ལྷ་ས་ནས།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།