ཀྲུང་གོ་བོད་ཀྱི་དྲ་བ།

མྱི་ཞིག་ལ་སྡིགས་པ།(ཞར་བཀོད་གཉིས།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་ཏའི་བུ་རྒྱུད།   སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མྱི་ཞིག་ལ་སྡིགས་པ།


ཁྱོད་འགྱུར་སོང་།

རྩ་ནས་འགྱུར་སོང་།


ཁྱོད།   ཐོག་མར།

ནང་འཁྲུག་ནས་འགྱུར།

ཁྱོད་ཀྱིས་ད་བསད་སོང་།


ཁྱོ་ད་དུང་འཚོ་ཐུབ་པས།

ན་རོ་ཡང་བཅག་སོང་།

འདི་ལྟར་སོང་ན།

ཡ་སྟའང་ས་རུ་འགྱེལ་ངེས།


ཚང་མས་མ་བཟོད་པར།

ཁྱ་རུ་གྱུར་བའི་ཁྱོད་ལ།

གི་གུའི་ཞྭ་མོ་ཞིག་བཟོས་པ།

ངོ་མས་བཞེངས་འདུག་ཨང་།

སྙན་ངག་གི་ཟུར་ཁ།


སྐད་ཆ་རེ་འགའ།

ཡིག་ཐོག་ཏུ་ཕབ་ནས་བཟུང་།

སྐྱོ་སྣང་གི་མགོ་གཞི་ནས་བརྩམས་བྱུང་།

སྙན་ངག་ཟེར་བའི་ཚིག་ཚོགས་དེ་

སྐྱོ་བ་སངས་བྱེད་ཅིག་གཏན་ནས་མ་རེད།


མཚན་མོ་གྲངས་མེད་ཅིག

སྙན་ངག་གི་ཁུ་བར་བསྒྲེས་ནས་

ཁ་རོག་གེར་ཁྱུར་མིད་བཏང་བ་

དེབ་གཟུགས་སུ་བྱས་ཏེ་མྱི་ཁ་བརྒྱུད།


སེམས་ཀྱི་རི་སུལ་དུ་བབས་པའི་

ཁ་བ་དང་དེའི་ཁ་དོག་ལ་

སུ་ཡིས་ཀྱང་བདེན་ཁ་མ་བྱིན།


ཁེར་རྐྱང་གི་རྐེད་པ་ལ་

ལྕེབ་ཐག་རིང་བོ་ཞིག་བཀལ་ཏེ་

འཆི་བ་ལ་ངང་སྒུག་བྱེད་ཀྱིན།


སྙན་ངག་གིས་བཟི་ཚར་དུས་

རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་ཚར་འདུག


རང་སྐད་ཀྱང་བོར་བའི་ཉམས་ཀྱིས་

འཚོ་བ་ལ་རྒོལ་ལན་སྤྲད་དུས།

སྙན་ངག་ལ་རོ་ལས་བྱེད་མཁན་དེ་

རང་ཉིད་ལས་མ་འདས་སོ། །

ལྕི་བའི་འོག་གི་རྩྭ་ཕྲན།



ལྕི་བ་དེའི་འོག་ན་

འཇིགས་རུང་གི་གཡུལ་ས་ཞིག


འབུ་ཚོགས་ནི་

དུར་ས་འཚོལ་བར་བྲེལ།

ཡན་ལག་གི་གཙུབ་བརྡར་ལས་

ས་ནག་ལ་བདག་པོ་བརྒྱབ་འདུག


ཉི་འོད་དང་ཆར་ཆུ་མ་རེག་པའི་

རྩྭ་ཕྲན་དག  མུན་ནག་ལས་འཆི་དགོས་བྱུང་།


སྐྱེ་མ་ཐུབ་པའི་

ན་ཟུག་དང་མིག་ཆུས་

ལྕི་བའི་ཁ་དོག་ཙམ་ཡང་བསྒྱུར་མ་ནུས།


དབྱར་ཇི་ལྟར་ཐོན་རུང་།

རྩྭ་ཐང་ནི་སྔར་བཞིན་རྩྭ་ཐང་དང་

ལྕི་བ་ནི་སྔར་བཞིན་ལྕི་བ་རང་ངོ་ ་་་་་་་

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།