ཀྲུང་གོ་བོད་ཀྱི་དྲ་བ།

འོ་ངད་ལྡང་བའི་མེ་ཏོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ།   སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འོ་ངད་ལྡང་བའི་མེ་ཏོག

                     ——MDZMལ་ཕུལ།

                                                           བསམ་གྲུབ་ཀྱིས།

微信图片_20190108092304.jpg

                                      1

ཕ་མཐའ་མི་མངོན་པའི་རྨི་ལམ་དེའི་སྒོ་གླེགས་རྙེད་པ་ནས་བཟུང་།

ང་རང་སྤྲིན་དཀར་གྱི་གཤོག་པ་ལ་ཨུ་ཚུགས་ཀྱིས་བཅིབས་ཏེ།

ཁྱོད་ཀྱི་མཁའ་དབྱིངས་སུ། ཕར་སྐྱོད་ཚུར་སྐྱོད་བྱས་པ་ལན་གཅིག་མིན།


མེ་ཏོག་གིས་བསླེས་པའི་ཐེམ་སྐས་རེ་རེ་དེ་བརྒལ་ནས་འགྲོ་དུས།

སྐབས་རེར། སུས་ཀྱང་ཚབ་བྱེད་མི་ནུས་པའི་དྲི་ངད་དེ།

ང་ཁོ་ནར་དབང་ཞིང་། ང་གཅིག་པུས་ཁྱེར་ན་ཅི་མ་རུང་སྙམ།


                                    2

ཁྱོད་ནི། སྨུག་ཞག་ལང་ལོང་འཐིབས་པའི་རྫ་མགོ་ན།

ཆུ་ཟིལ་མཁུར་དུ་ལྷུང་བའི་སུ་རུའི་མེ་ཏོག་དེ་ཡིན་ལ་དེ་ཡང་མིན།

ཁྱོད་ནི། ད་ནངས་མཁའ་ལ་བརྐྱངས་པའི་ཉི་ཐིག་དང་འགྲོགས་ཏེ།

ཞལ་ཁེབས་ཐོག་མར་ཕྱེ་བའི་ཨུག་ཆོས་མེ་ཏོག་དེ་ཡིན་ལ་དེ་ཡང་མིན།


ཡིན་ཏེ། མ་གཞི་འཛུམ་ལྷུག་ལྷུག་གི་ཁྱོད་ནི།

ཁྱོད་ནི་ཤོག་ལྷེ་གཅིག་གི་འཇིག་རྟེན་ལའང་མི་ཤོང་བའི་དྲི་ཚིག་ཅིག་སྟེ།

བྱུ་རུའི་རྣ་ལོང་ཅན་གྱི་འོ་ངད་ལྡང་བའི་མེ་ཏོག་དེ་ཡིན་ལ།

སྐེད་རགས་དམར་པོ་བཅིངས་པའི་མེ་ཏོག་སྒྲོལ་མ་དེ་ཡང་ཡིན།


ཆར་པ་ཤག་ཤག་ཏུ་བབས།  ལུག་ཁྱུའི་འབའ་སྒྲ་ཡང་བྲག་ཅར་འཁོར།

གཞོན་ནུ་མའི་གླུ་སྐད་ལ་འཁྲེང་བའི་རྡོག་སྒྲ་དེ།

གཙང་པོའི་ཕ་རོལ་ན། སྔར་བཞིན་འཇགས་ཐབས་མེད་པར་ལྷང་།

                                                      2019-01-08ཉིན་ཙོང་ཁ་ནས།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།