ཀྲུང་གོ་བོད་ཀྱི་དྲ་བ།

མཆིན་པའི་ཤ

ཡོང་ཁུངས། : 《ཚོར་བའི་དབྱངས》ལས་བཤུས།   རྩོམ་པ་པོ། : གསེར་དུང་སྙུག(དཀར་མཛེས།)   སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཆིན་པའི་ཤ(ཞར་བཀོད་གཅིག)

སྡེ་ཆེན་སྡེ་བའི་གྲོང་ནས།།

ཚེས་ཆེན་ཟླ་བའི་འོག་ནས།།

བྱམས་པ་སྙིང་ལ་བཏགས་པ།།

ཐེངས་གཅིག་རྨི་ལམ་ཨེ་རེད།།

འཁོར་བརྩེགས་ལོ་ཟླའི་ཁྲོད་ནས།།

འཕྲད་པ་ཐེངས་གཅིག་མ་བྱུང་།།

ལས་དབང་གནམ་གྱི་བདག་མོས།།

མཇལ་འཛོམས་གནང་བ་ཁ་དྲོ།།

ཤ་དང་རུས་པ་གླན་ནས།།

སྙིང་དང་མཆིན་པ་ཐུག་ནས།།

བཅོས་མིན་སེམས་ཀྱི་སྐད་ཆ།།

བར་མཚམས་མེད་པར་ཤོར་བ།།

ཞལ་ངོ་དུང་ལྟར་དཀར་བ།།

ཟླ་བའི་གདོང་དང་མཚུངས་པ།།

ཆུང་འདྲིས་སེམས་ཀྱི་མེ་ཏོག།

སེམས་པ་གསོད་པའི་ལག་དམར།།

རྒྱ་ཚོས་མདངས་ཀྱིས་མ་བྱུག།

མཆུ་སྒྲོས་ལྷག་གིས་དམར་བ།།

འཇམ་ལ་སྙི་བའི་ལྕེ་རྩེ།།

བདག་དང་ཡང་ཡང་གླན་པ།།

མ་འོངས་ཕུགས་ཀྱི་འདུན་མ།།

མི་ཚེ་རིང་ཐུང་མི་ཤེས།།

འགྱུར་མེད་དམ་བཅའི་རི་མོ།།

སྙིང་དང་ཁྲག་གིས་བྲིས་ཡོད།།

མགོ་བོ་པང་ལ་བསྙེས་ཏེ།།

ལག་པའི་རྒྱབ་གཞུང་བདམས་ནས།།

ཙན་དན་ཤུག་དམར་ཕྲེང་ཆུང་།།

བདག་གི་རུམ་དུ་བཅུག་སོང་།།

མཚན་མོའི་སྐར་གཞུང་ཁྲོད་ནས།།

ཟླ་བ་ཤིན་ཏུ་གསལ་བས།།

གྱང་སྲུབས་རྒྱབ་ཀྱི་ངེད་གཉིས།།

རྩྭ་ལོའི་སྤྱིལ་བུ་བྱས་པ།།

གཅེས་ལོ་སེམས་ཀྱི་མེ་ཏོག།

ང་ཡི་སྙིང་དུ་བཞད་ཡོད།།

རླུང་འཚུབ་མི་ཁ་ཆེ་ཡང་།།

བརྩེ་དུང་འགྱུར་བ་མི་སྲིད།།

བཅོས་མིན་ཚིག་གི་དང་མ།།

ཟུར་མིག་གདོང་ལ་འཕངས་ནས།།

གཅེས་གཅེས་ལོ་ལོ་བྱས་ནས།།

རེ་ཞིག་བྲལ་དགོས་བྱུང་སོང་།།

རྐང་བའི་གོམ་ཁ་བསྒྱུར་ཡང་།།

ལག་པ་སོ་སོར་འཐམ་ནས།།

མིག་མཐའ་མཆི་མས་གང་ནས།།

སོ་སོའི་ས་ལ་ཆས་སོང་།།

ཁྱེད་ཀྱིས་ཕྱིར་ལྟ་བྱེད་དུས།།

ང་ཡི་མིག་ཆུ་ཤོར་སོང་།།

མིག་ཆུ་ལྐོག་ཏུ་མིད་དེ།།

ལག་པས་བརྡ་ཞིག་བཏང་སོང་།།

ང་རང་ཁྱིམ་ལ་འབྱོར་དུས།།

ཁྱེད་ཀྱི་འཕྲིན་ཡིག་ཐོན་འདུག།

ཐེངས་གཅིག་ཐེངས་གཉིས་བཀླགས་ཏེ།།

སེམས་ལ་རྨ་ཁ་བཟོས་སོང་།།

བརྡ་འཕྲིན་གློག་ལམ་སྟེང་ནས།།

སྙིང་གཏམ་ཞིམ་པོ་གློད་དེ།།

གཏི་མུག་གཉིད་ཀྱིས་ཁྱེར་ཡང་།།

རྨི་ལམ་ཁྱེད་ཀྱིས་ཁྱེར་སོང་།།

ཞོགས་པའི་ཉི་ཟེར་འཆར་དུས།།

ཁྱེད་རང་ལམ་ལ་ཆས་སོང་།།

བདག་ལ་ཁ་པར་བཏང་ནས།།

ང་རང་བུད་སོང་ཟེར་ཀི།

སེམས་ལ་ན་ཟུག་ཆེ་ཡང་།།

མི་བཟོད་ཐབས་གཞན་མི་འདུག།

མིག་ནས་མིག་ཆུ་བཞུར་ཡང་།།

ཁྱེད་ལ་གསང་བ་བྱས་བཞག།

འདང་ཆེན་མཚོ་ཁའི་མེ་ཏོག།

མཚོ་བྱ་ངང་བ་སེར་བོ།།

རྒྱང་རིང་ཡུལ་ལ་འཕུར་ཡང་།།

ཕྱིར་ལ་ནམ་ཐོན་སྒུག་འདུག།

ཁ་ཚིག་མནའ་ཡི་ཨ་ལོང་།།

ཁྱེད་དང་ང་ཡིས་མགར་ཡོད།།

ལས་དབང་གཏན་གྱི་འདུན་མ།།

གྲོས་ཐག་གཅིག་ལ་བཅད་ཡོད།།

སེར་ཆེན་སེམས་ཀྱི་དུང་བ།།

ཡིད་འཕྲོག་ལྷ་མོར་བཅོས་ཡོད།།

ཚེ་ཐོག་འདི་ཡི་ཡོད་ཚད།།

ཁྱེད་རང་ཁོ་ནས་སྤྱོད་ཆོག།

ཁྱེད་དང་འུ་གཉིས་དགའ་བ།།

སྦྲང་རྩི་མངར་བོའི་རོ་ཡིན།།

ང་ཡི་མཆུ་ཏོ་རྩོག་རུང་།།

ཁྱེད་ལ་གཅེས་གཅེས་བྱས་ཡོད།།


སེམས་རྟེན་བྱུར་དཀར་ཕྲེང་བ།


སེམས་ཀྱི་ངོགས་ན་འབུར་དུ་ཐོན་པའི་རི་མོ་ཞིག།

རི་མོའི་སྟེང་ན་འོད་དུ་འཚེར་བའི་ཡིག་འབྲུ་ཞིག།

ཡིག་འབྲུའི་ཁྲོད་ན་གསང་བ་སྦས་པའི་ཁ་དོག་ཅིག།

ཁ་དོག་དེ་ནི་ཁྲག་གིས་འཁྱུད་པའི་ཁ་དོག་རེད།།

མིག་གི་མདུན་ན་ལང་ཚོ་མཛེས་པའི་ལོ་མ་ཞིག།

ལོ་མའི་གསེང་ན་དུང་བ་རུམ་པའི་སྐྲ་རྒྱན་ཞིག།

སྐྲ་ཡི་རྒྱན་ལ་ལྷག་ཏུ་ཞེན་པའི་འབུག་སྲས་ཤིག།

འབུག་སྲས་དེ་ནི་གསེར་གྱིས་བཞུས་པའི་སྐུད་པ་རེད།

ཁ་བའི་ཁྲོད་ན་དྲོད་ཀྱིས་གསོས་པའི་ཟླ་བ་ཞིག།

ཟླ་བའི་གདོང་ན་མིག་ཆུ་འདྲུད་པའི་སྐར་མ་ཞིག།

སྐར་མའི་ཡིད་ལ་སྙན་ངག་འབྲི་བའི་ལྕགས་སྨྱུག་ཅིག།

ལྕགས་སྨྱུག་དེ་ནི་བརྩེ་བའི་དབྱངས་ཚིག་རྩོམ་མཁན་རེད།།

རྨི་ལམ་ནང་ན་རྣམ་ཤེས་འཁྱམས་སའི་ཕོ་བྲང་ཞིག།

ཕོ་བྲང་ནང་ན་མགོ་དཀྲིས་མནབ་པའི་འབྲོག་མོ་ཞིག།

འབྲོག་མོའི་རྒྱུད་ན་བལ་ལྟར་འཇམ་པའི་རང་གཤིས་ཤིག།

རང་གཤིས་དེ་ནི་བག་ཆགས་གཏོར་བའི་མདའ་མོའོ།།

འཁྲབ་རའི་ནང་ན་གྲིབ་མ་འགུལ་བའི་སྣང་བརྙན་ཞིག།

སྣང་བརྙན་དེ་ལ་གློག་འོད་འཚེར་བའི་སྙིང་གཏམ་ཞིག།

སྙིང་གཏམ་དམར་རྗེན་རྡོག་སྒྲ་འཐེན་པའི་ཆང་ཕོར་ཞིག།

ཆང་ཕོར་དེ་ནི་ཡིད་ཁ་བསླུ་བས་འཇའ་ཚོན་རེད།།

ཤེས་བྱའི་གླིང་ན་གླེགས་བམ་བསྣམས་པའི་ཕྱེ་ལེབ་ཅིག།

ཕྱེ་ལེབ་གཤོག་ཁྲ་ཡབ་མེས་ཚང་གི་ཡུམ་ཆེན་ཞིག།

ཡུམ་ཆེན་ལང་ཚོ་མཛེས་སྡུག་ཁུར་བའི་ཕུགས་བསམ་ཞིག།

ཕུགས་བསམ་སྒོ་གླེགས་བདག་གིས་བརྡུང་བ་ཆོས་ཅན་ནོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།