ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡོད་སར་དགུན་ཁ་སླེབ་བྱུང་།

  རྩོམ་པ་པོ། : ཐ་སྐར།(མགོ་ལོག)   སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཡོད་སར་དགུན་ཁ་སླེབ་བྱུང་།   (ཞར་བཀོད་གཅིག)

 

ང་ཡོད་སར་དགུན་ཁ་སླེབ་བྱུང

ཁྲོམ་སྲང་འདིའི་ཁ་དོག་ཡང་འགྱུར་སོང

ཡིན་ནའང  ①ཡིད་འོང་གི་གཏམ་རྒྱུད་རུམ་གང་བཏེགས་ནས

རྒྱང་རིང་གི་ཁྱོད་ངའི་རྨི་ལམ་དུ་བབས་བྱུང

མཚན་མོ་དུས་ཚོད་ཀྱི་ཕྲག་པར་སྤྲོ་སྐྱིད་ཀྱི་སྒྲོན་མེ་འབར་སོང

སྟོན་དུས་ཧྲིལ་བོར་ཡོངས་སུ་ཕེབས་ཚར་རྗེས

འདབ་ཆགས་དག་རང་རང་གི་གནས་ཚང་དུ་ལོག་སོང

ངའི་ནམ་མཁར་འཁྲིགས་པའི་ཁ་བ་དཀར་པོ

དགུན་ཁ་སླེབས་པའི་བརྡ་རྟགས་ལོས་ཡིན

དགུན་ཁ་སླེབས་བྱུང

ང་ལ་དགའ་བའི་མི་ལགས

ཉིན་མོའི་སྐར་མ་ལྟར་མི་གསལ་བའི་ཟོལ་གྱིས་ཚེས་ཡོད་པ་ངས་རྟོགས་ཡོད

དགུན་ཁ་ཇི་ལྟར་གྲང་འཁྱག་གིས་བཟུང་རུང

ཁྱོད་ཀྱི་མཐའ་འཁོར་དུ་ངའི་བརྩེ་བ་དང་སེམས་པ་ལུས་ཡོད་པས

བརྩེ་བ་དང་ལག་འཇུ་ལྷོད་ག་ལ་སྲིད

དུས་ཀྱི་བརྩེ་བ་དལ་གྱིས་འཁྱུད་ཞིང

མཉེན་ལྕུག་གི་ལག་ཟུང་དེར་གདུ་བུ་དལ་གྱིས་བསྐོན་ངེས

དགུན་ཁའི་མཚན་མོ་ཧ་ཅང་འཁྱག

བདག་གིས་སྤྱན་ཟུང་བཙུམ་ནས

རྨི་ལམ་ཞིག་རྨི་འགོ་བརྩམས་དུས

གློ་བུར་དུ་སེམས་ཀྱི་རི་ལྡེབས་སུ་དགུན་གྱི་རླུང་བུ་ལྡང་བྱུང

དགུན་ཁར་འབྱར་བའི་གྲང་རླུང་གིས

གཙང་བོའི་སྨྲ་བ་བཅད་སོང

རླུང་བུ་རྒོད་ཅིང་སྟོན་ལོ་ས་རུ་འཐོར་རྗེས་སུ

ཁ་བ་བབས་བྱུང

①ཁ་བ་ལྷ་མོའི་ཚིག་གཡར

               2018/10/28              

ཉམས་ཆུང་སྙན་ངག་པ་ཞིག་གི་སེམས་བསྐྱེད། 


 སེམས་པ་སྐྱོ་གདུང་གིས་བཟུང་ལ་ངག་མི་འཁྲོལ་བའི་ཕྱི་དྲོ་རེ་རེ།

ལག་ཟུང་ལྷོད་ཅག་གེར་བྲང་ལ་བཞག་ནས་བསམ་གཞིག་གི་འགྲམ་པར་རེག

སང་ཉིན་གྱི་གནམ་གཤིས་ལ་སེམས་ཁྲལ་བྱས་ནས།

རྒྱང་རིང་གི་ཞིང་ས་དང་ནམ་མཁར་བལྟས།

ང་ནི་ཉམས་ཆུང་གི་སྙན་ངག་པ་ཞིག  

སྒྱུ་འཕྲུལ་གྱི་གཤིས་སུ་གྲུབ་པའི།

སྒྱུ་རྩལ་གྱི་སྤང་ཐང་ཁྲོད་ན།  

ནང་སེམས་ཀྱི་བརྩེ་བ་གྱོན་ཏེ།

སྙན་ངག་གི་མཛེས་པ་འཚོལ་འདོད།

ཚིག་དང་ཐ་སྙད་ཀྱི་འཇའ་ཚོན་གྱོན་འདོད།

སེམས་ཀྱི་འབོད་སྒྲ་སྟོང་བའི་དབྱིངས་སུ་གྱེར།

ཐ་སྙད་དང་ཚིག་ལ་བརྒྱུས་ནས་བྱུང་བའི་ཡིག་འབྲུ་འདི་དག

གཅེས་སུ་འོས་པའི་བདག་གི་མི་ཚེ་ཡི་སྲོག་རྟེན།

ཡིན་ནའང་། འཆི་བའི་དོང་ཁར་སླེབས་ཚེ།

ཐ་ན་རང་གིས་བྲིས་པའི་རྩོམ་ཉོག་དེ་དག་ཀྱང་དབང་མི་སྲིད།

སེམས་ཀྱི་ས་གཞི་ཁྱོན་ཆུང་བས།

ང་ནི་ཉམས་ཆུང་གི་སྙན་ངག་པ་ཞིག་སྟེ།

ངས་ལོ་ཟླ་དང་དུས་ཚོད་མགྱོགས་སོང་ཟེར་ནས་གཤེ་གཤེ་མི་གཏོང་།

ངས་ནད་ཡམས་ཀྱིས་ཟིན་པའི་ཕུང་པོ་འདི་བྱ་རྒོད་ལ་མི་སྟེར།

ངས་གཞན་གྱིས་དཔར་བའི་རྐང་རྗེས་ཀྱི་ནང་དུ་རྐང་བ་མི་སྤོ།

ངས་མེ་ལོང་གི་མདུན་དུ་ལང་ཚོ་མི་སྤུངས།

ངས་སྙན་འཇེབས་ཀྱི་པི་ཝང་དེ་བཞིན་ནང་སེམས་ཀྱི་སྨྲེང་བ་དབྱིངས་སུ་གཏོར།

ངས་འཇིག་རྟེན་གྱི་སྡུག་བསྔལ་མ་ལུས་པ་བཙན་གྱིས་བསུབ།

ངས་ལུས་ཅན་ཀུན་བགྲོད་པར་དཀའ་བའི་མྱང་འདས་ཀྱི་རི་རྩེར་སྤྲད་འདོད།

ངས་རང་ཉིད་ཀྱི་ངོ་གདོང་ལ་གདོང་འབག་མི་གྱོན།

ངས་ད་ལྟ་ནས་ཕུགས་འདུན་ཡོད་ཚད་ཉི་ཟླའི་མགུལ་དུ་སྒྲོན།

ངས་སེམས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་དུས་ཚོད་ལ་མདུད་པ་རྒྱག་དགོས།


微信图片_20181229150243.jpg

ཐ་སྐར།  མིང་དངོས་ལ་བསྟན་པ་དར་རྒྱས།  ལོ་རབས་དགུ་བཅུ་བའི་སྨད་ཀྱི་གྲྭ་གཞོན་རྩོམ་འབྲི་བ། མཚོ་སྔོན་པོའི་ཤར་རྒྱུད་མགོ་ལོག་པདྨར་སྐྱེས།  དམའ་འབྲིང་མཐར་ཕྱིན་རྗེས། རྩིས་མདའ་དགོན་གྱི་ཚོགས་གྲལ་ཏུ་ཞུགས་ནས་འདོན་ཆོས།  སྤྱོད་འཇུག ཐུན་མོང་རིག་གནས་སྐོར་དང་། དབུ་མ་འཇུག་པ་སོགས་ལ་སྦྱངས་བ་བྱས་ཤིང་།  2016ལོར་ཁམས་ཀྱི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཞུགས་ནས་ཡང་བསྐྱར་ཐུན་མོང་རིག་གནས་དང་།  ཚད་མ་རྣམ་འགྲེལ་སོགས་སྦྱངས།  ཞོར་དུ་རྩོམ་རིག་གི་དཔེ་ཆ་བལྟས། བརྩམས་ཆོས་གང་མང་ཞིག་གཞུང་སྒེར་གྱི་དུས་དེབ་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་ཚུགས་སོགས་སུ་བཀོད་ཡོད།  2019ལོར་སྙན་ངག་སྐོར་གྱི་དེབ་གཅིག་བསྐྲུན་རྒྱུའི་སྟ་གོན་འགྲིན་ནས་ཡོད། ད་ལྟ་མུ་མཐུན་ནས་དཔེ་ཀློག་དང་རྩོམ་འབྲིའི་ལས་ལ་རྟུལ་གྱིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།