ཀྲུང་གོ་བོད་ཀྱི་དྲ་བ།

ཁམས་སྲས་མུ་ཏོ་བའི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁམས་སྲས་མུ་ཏོ་བ།   སྤེལ་དུས། : 2018-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

              ལམ་ཁའི་ཕྱིར་མིག

ང་ལ་གདུང་བ་ཡི་ཆུ་རྒྱུན་བར་མེད་དུ་བཞུར་བྱུང

ངས་ཁྱེད་རང་མཐོང་གིན་མི་འདུག་ན་ཡང

ངའི་སེམས་སུ་ལོ་ངོ་ལྔ་ཡི་ཟླ་བ་ཚེས་ཡོད།

ཟླ་བ་དེ་དྭངས་གཙང་གི་ཟླ་བ་ཡི་གར་འོང་བ་ཞིག་ཡིན

མེ་ལོང་དེའི་ངོས་སུ་ཟླ་བའི་ལང་ཚོ་བཞད་ཡོད

སྟོན་མཇུག་ཐོན་དུས་ཀྱང་སྔར་བཞིན་འཛུམ་ཆུང་གིས་ཚེས་ཡོད

མི་རེ་རེ་སུན་སྣང་གི་ཡལ་གར་འཐམ་ཡང

ཁྱོད་རང་སྔར་བཞིན་ཆུ་ཕྲན་དེ་དང་གྱེས་མ་མྱོང

འདུ་འཛོམས་རེ་རེ་བར་སྣང་གི་སྤྲིན་པ་བཞིན་གནས་ཡོད

ཁྱོད་རང་སྤྲིན་པའི་ཁ་ལོ་དང་འདྲ་བྱུང

ཁ་གཡང་གིས་བསྐྱལ་བའི་བདེ་མོ་ནི་སེམས་པ་འཁྱག་སྤྱད་ཅིག

ང་ཚོར་ཕྱིར་དྲན་ལ་ལོག་ཐུབ་ན་ཅི་འདྲས་དྲོ་ཨང


                   སེམས་འགྱུའི་བང་རིམ།

དེ་དགོང་མཚན་མོའི་རླུང་ལྡང་བ་ཧ་ཅང་མྱུར

དེ་དགོང་བུད་སོང་བའི་མི་ཚེའི་ཕྱིར་དྲན་མིག་མདུན་དུ་དྲུད་ནས་ཐོན

བར་སྣང་ལ་སེམས་ཀྱི་གཡོ་ཚུལ་བྲིས་ནས་སྐར་མ་མག་མོག་ཏུ་གྱུར

བརྗེད་ཟིན་པ་དག་སླར་ཡང་སེམས་འགྱུའི་རབ་ཁར་འཕྱོ

དེ་ལྟ་ནའང      སྙིང་བོ་ཡོད་མེད་ནི་རྒས་དུས་སུ་གོ་སྲིད་པར་སྙམ


          འཁོར་བའི་འགྲོ་འོང་།

            ༡

བར་ཐག་གསལ་བའི་རི་མོའི་ནང་དུ།།

བར་ཁྱམས་མེད་པའི་ཁང་མིག་མངོན་བྱུང་།།

མུན་པའི་རྒྱུ་ལམ་དེ་འདྲ་བཙན་པ།།

མདང་ནུབ་ལུག་ཁྱུ་མཚན་ཞོགས་བརྒྱབས་འདྲ།།

གྱེས་པའི་ངང་ཚུལ་དེ་དང་འདྲ་བ།།

སེམས་ཀྱི་ལོག་མལ་གྲང་བས་བཟུང་སོང་།།

གྲྭ་བས་ཆང་ཕོར་འདེགས་ཙམ་བྱས་པས།།

ཁྱོད་ཀྱི་མེ་ལོང་ཡོམ་ཡོམ་འགུལ་བྱུང་།།

རྒྱུས་ཡོད་ཟེར་ཡང་མི་ཚེ་ཕྱེད་ཙམ།།

བགྲེས་པོ་མང་དག་བཞུད་སའི་ལམ་ཆེན།།

ཡིད་འོང་ཟེར་བ་མཚན་མོའི་ལྕང་སྡོང་།།

མུ་ཏིག་འོད་ཆེམ་གློག་ལས་གསལ་ཚུལ།།

          ༢

སྟོན་མཚན་གཅིག་གི་ཆར་རླུང་གཙང་བ།།

མི་ཡི་གདུང་བའི་སྡིག་སྒྲིབ་དག་བྱུང་།།

གྱང་ཆག་ངོས་ཀྱི་མིང་ཡང་ནོག་བྱུང་།།

རི་ཆུའི་ཕ་རོལ་ཐག་རིང་མ་རེད།།

ཁང་བའི་ཐོག་འོག་ཐག་ཉེ་མ་རེད།།

ཚེ་གཅིག་མཉམ་འཛོམས་རབ་རིབ་ཡིན་པ།།

ཆུང་དུས་སྨོན་འདུན་མེད་པས་ཨེ་རེད།།

གྲུ་བའི་སྐྱོ་ངལ་ཡོམ་ཡོམ་ལྡེམ་ལྡེམ།།

ང་རང་གཙང་བོའི་རླབས་ལ་ཁེན་འདོད།།

སྟོན་མཇུག་མེ་ཏོག་ཐུ་བར་བཀང་ནས།།

དགེ་འཕེལ་གླིང་གི་རྩྭ་ཐང་བསྐོར་འདོད།།

ཟླ་བའི་འོད་གསལ་ཕྱོགས་བསྡུས་བྱས་ཏེ།།

མཚན་མོ་གཅིག་ལ་ལྷང་ངེར་གསལ་འདོད།།

རྩྭ་སྐྱའི་དངན་པ་ནང་དུ་བཀུགས་ནས།།

མཚན་གཅིག་ཟེར་བའི་འཛོམས་གཞས་ལེན་འདོད།།

འཇགས་མའི་འཐབ་གླུར་དབྱངས་འགྲོས་བྱས་ཏེ།།

ཚེ་ཕྱེད་གྱེས་པའི་སྒྲུང་བ་བྱེད་འདོད།།

སྒྲུང་ནི་མི་ཚེའི་ས་སྲོད་དག་ཏུ།།

ཆ་མེད་མི་དག་འཛོམས་ཙམ་བྱ་ཚུལ།།

སྙིང་གི་གཏིང་ལ་ཚ་གྲང་འཐིབས་ཚུལ།།

          ༣

དྲན་གདུང་མ་བསྐོལ་ངང་གིས་ཁོལ་བྱུང་།།

མགྲོན་པོ་རེ་རེའི་ལམ་རྒྱགས་བྱས་བྱུང་།།

ང་ཡི་དྲན་ཚུལ་གཙང་བོའི་ཁ་ཡི།།

ངང་བའི་གཞིས་ཀ་ཆགས་ཚུལ་ཙམ་ཞིག།

ནམ་ཞིག་རྦ་རླབས་མཚོ་མཐར་འཕྱུར་ཚེ།།

བར་སྣང་ལྡིང་སྐོར་ཐུབ་པ་བྱུང་ནས།།

གཤོག་པས་གཙང་བོའི་བར་སྣང་བསྐོར་ཏེ།།

འཁོར་བའི་གྱེས་འཛོམས་རླབས་ལ་བྲི་འདོད།།

དེའི་རྗེས་ཧམ་སེམས་ཞུ་བར་བྱས་ཏེ།།

དར་མའི་མི་ཚེའི་མཇུག་མ་ཉུལ་ནས།།

རྒ་བའི་གཞས་གདངས་བསྟུད་མར་བརྩམས་ཆོག།

  

        སང་ཉིན་གྱི་རྗེས་སུ།

སང་ཉིན་གྱི་རྗེས་སུ་ང་ལ་བློ་འགྱོད་སྟེར་མཁན་མ་བྱུང་ན

ང་ལ་འཇིགས་སྣང་ཡོད་མི་སྲིད

འཇིགས་སྣང་གི་མདུན་རྒྱབ་ཀྱི་ཤི་གསོན་ནི་ཤིན་ཏུ་མཛེས་སྡུག་ལྡན

སང་ཉིན་གྱི་རྗེས་སུ་སྟོན་ལོ་འཐོར་མཚམས་ཆད་ན

ང་ལ་བསམ་གཞིག་གི་ལྷག་མ་ཡོད་མི་སྲིད

ལྷག་མའི་བསམ་གཞིག་ནི་ཡིད་ཐང་ཆད་བྱེད་ཀྱི་མུ་འབྲེལ་སྒྲུང་རིང་ཞིག

སང་ཉིན་གྱི་རྗེས་སུ་ཁ་བ་དག་དྲོད་ཁོལ་གྱིས་འབབ་རྒྱུ་བྱུང་ན

ང་ལ་སེམས་ཀྱི་གྲང་ངར་ཚེས་མི་སྲིད

གྲང་ངར་གྱི་དུས་བཞི་ནི་མི་སེམས་ཚལ་བར་འཇིལ་བྱེད་ཀྱི་རྨ་ཁ་ཉིད

དེ་ཡིས་གདུང་བའི་ལོ་རབས་རྒས་ཀྱིན་ཡོད


                   ལོ་ངོ་གསུམ་གྱི་ཞོགས་པ།

བྱ་གླག་གིས་སྤྲིན་པ་བྲིས་ཏེ་ཁྱེད་ལ་ཕེབས་སྐྱེལ་བྱས

ངས་གྲ་མི་དག་ཀྱང་རང་ཉིད་བྲིས་ནས་ཁྱེད་ལ་འཇིག་རྟེན་བསྒྲོན

བྱ་གླག་དང་ངེད་གཉིས་ཀྱི་བར་ན་རང་རང་གི་རྒྱ་ཁྱོན་ཡོད

དེ་ལ་ཞོགས་པ་ཟེར

ཞོགས་པ་དེ་དག་ཏུ་མི་ཞིག་རྟག་པར་རིག་ཐུབ

མི་དེ་ཞོགས་པའི་རླུང་བུ་དང་འདྲ་བྱུང

ཡང་ན་མི་དེའི་མིང་ལ་རླུང་བུ་ཟེར

མི་དང་རླུང་གི་འབྲེལ་བ་ནི་ང་དང་ཁྱོད་ཀྱི་བར་ཐག་རེད

ག་ལེ་ག་ལེར

དལ་བ་དལ་བུར

ང་ཚོ་ཞོགས་པ་རེ་རེའི་ནམ་ཟླར་བསླེ་ཆོག

དེ་ནི་ལོ་ངོ་གསུམ་གྱི་བདེ་སྐྱིད་མཐར་ཐུག་དེ་ཡིན


             ངེས་མེད་ཀྱི་སྐྱོ་ཡུས་གསོག་པ།

ཡར་སྔོན་མི་ཞིག་བུད་སོང་ནའང

ཁྱེད་ཀྱིས་སྐྱོ་སྡུག་ཁུར་མེད

གྲང་བའི་སེམས་པ་གཤག་པ་སུས་ཀྱང་གོ་ཐབས་བྱུང་མེད

སྟོན་མཇུག་གི་ཁེར་སུན

ན་ནིང་གི་ཁྲུང་ཁྲུང་འཕུར་ཤུལ་དུ་ལོག

གྲང་རླུང་གིས་གཙེས་པའི་སྟོན་ཡུལ་ནས

སྙིང་ཉེ་བའི་ཁྱེད་སྒུག་ཐབས་མི་འདུག

ཉམས་ཐག་པའི་མིག་ཟུང་ལས

དུས་ཆད་ཀྱི་ལོ་མ་ས་རུ་ལྷུང


                 སྙིང་ཉེ་བའི་ཀུན་འཛོམས།

འཕྲད་དུས་སྐྲ་ལོ་མི་མངོན

འགྲོ་ཁ་རླུང་གིས་སྐྲ་ལོ་བསྒུལ་མ་བྱུང

ནང་སེམས་ཀྱི་ཆགས་འཇིག་བྱུང་རྗེས

ནུབ་ཀྱི་མཐའ་ནས་མི་དེས་ཁྱོད་ཀྱི་སྐྲ་ལོ་ཤད་བྱུང

ཁོང་ཁྲོའི་སྡིག་པས་གཏོང་མི་བསམ་པ་དེ་ཁོ་བོ་ཡིན་ཡང

མ་བཏང་བ་དེ་ཁྱོད་རང་རེད་བྱུང

ཁྱེད་ཀྱིས་མ་ཤེས་ན་ཆོག་སྟེ

ང་ནི་སྔར་གྱི་ཉམ་ཐག་དེ་ཡིན

ཆང་མ་འཐུང་བའི་བཟི་བོ་དེ་ཡིན

བར་ཐག་སྐྱེད་མཁན་གྱི་གྲུ་བས

ང་ལ་སྐྱེལ་བསུ་གཞན་ཅི་ཡང་གནང་གིན་མེད

ཁྱོད་རང་འགྲོ་ཚུལ་གྱི་ལྐོག་གྱུར་གྱིས

ངས་ནམ་མཁའ་ཧྲིལ་བོར་ཁྱོད་རང་བྲིས

ས་གཞི་དང་ནགས་ཀློང་དུ་ཡང་ཁྱོད་རང་བྲིས

བྲིས་ནས་རྙེད་ཐབས་མེད་དུས

ང་རང་མཚོ་མོར་བསྐྱོམས་པ་ཡིན

གཏིང་མཐའ་མི་མངོན་པའི་མཚོ་མོར་བསྐྱོམས་པ་ཡིན


                ད་ཚོད་ཅིག་ལ།

མ་གཞི་ང་རང་ལོ་དེར་སྟོན་མཇུག་ཏུ་ལོག་ན་ཆོག

མི་རེ་རེ་ལ་དབང་བའི་སྟོན་མཇུག་གི་གྲོ་སྙེ

ང་ཚོ་སུས་ཀྱང་ལོངས་སྤྱོད་ཐུབ་ན་སྙམ་ཡོད

མི་ཚེ་འདི་ཡི་ནང་དུ

འུ་གཉིས་གཞི་གཅིག་ཏུ་བསྡད་མྱོང་མེད

གཞི་གཅིག་ནས་བལྟས་མྱོང་མེད

ལམ་འགྲོ་བའི་མིག་ཟུང་ནང

སྙིང་པོ་ཟེར་བ་ཅི་ཞིག་རེད

ང་ཚོས་ག་དུས་ཡིན་ཡང་རྟོགས་ཐབས་མི་འདུག

ཡིན་ཡང

ང་ཚོ་དུས་གཅིག་ཏུ་ནུབ་ཁར་ལོག་ཆོག

མཚམས་སྤྲིན་གྱི་ཕུང་པོར་དུས་ཆད་བཀལ་ཆོག

སྐབས་འདི་འདྲ་ཞིག་ཏུ་དེས་མ་ཆོག་པ་གཞན་ཅི་ཡང་མི་འདུག

འུ་ཚོ་གྲུ་ཁ་གཅིག་ཏུ་ལོག་མཁན་མ་རེད

གྲུ་ཁ་གཅིག་ནས་འགྲོ་མཁན་མ་རེད

གསང་བ་མང་པོ་ནང་སེམས་སུ་སྦ་དགོས་མི་འདུག

ཡིན་ཡང་དོན་དངོས་རེ་ལ་མངོན་གསལ་མ་བྱུང

དེའི་རྗེས་སུ་ཡང་མངོན་གསལ་མ་བྱུང


རྩོམ་པ་པོ་ངོ་སྤྲོད།

    ཁམས་སྲས་མུ་ཏོ་བ།     དངོས་མིང་ལ་འགྱུར་མེད་རིག་འཛིན་ཟེར་ཞིང་མང་པོས་འགྱུར་དགའ་ཞེས་འབོད་ལོབས་སུ་སོང་། 1996ལོར་སི་ཁྲོན་ཁྲོམ་ལྗོངས་ཟེར་བའི་འབྲོག་ཕྱོགས་ཤིག་ཏུ་སྐྱེས། བོད་ཡིག་རྐྱང་བ་ལས་མི་འཇོན་ཞིང་བོད་ཡིག་རྐྱང་བ་ཙམ་ཞིག་བྲི་ནུས་པ་དེ་རང་གི་མི་ཚེའི་ནོམ་ཆེན་དུ་བརྩི་མཁན་ཞིག་ཡིན། གཞུང་ལུགས་སློབ་སྦྱོང་གི་ཞོར་དུ་སུམ་རྟགས་སྦྱོར་ཀློག་གི་རྨང་བཏིང་ནས་རྩོམ་རིག་དཔེ་ཀློག་དང་འབྲི་སྦྱོང་གི་ལས་སུ་ཞུགས། མི་ཚེའི་སྟོད་ཀྱི་དགའ་སྐྱོ་སྙན་ངག་ལ་བཅོལ་ནས་མི་ལོ་འགའ་ཞིག་བུད་སོང་། ལོ་ཟླ་འདི་དག་གི་རིང་སྙན་ངག་ཡིན་ལ་མ་ཡིན་པ་རེ་བྲིས་པ་དག་གཞན་གྱི་མིང་དང་ཁ་ངོའི་སླད་དུ་འབད་འབད་དུང་དུང་བྱས་པ་གཅིག་ཀྱང་མེད་པ་འདིས་རང་ཚོད་ཀྱི་སྒྱུ་རྩལ་རྩོམ་རིག་ལ་བློ་དཀར་བ་ཡིན་སྙམ་པའི་གདེངས་ཤིག་རྙེད་ཡོད། དེ་མིན་རང་གི་གསར་རྩོམ་གྱི་ལམ་ཕྲན་འདིའི་སྟེང་གཞུང་གཉེར་དུས་དེབ་སོགས་ཀྱི་ངོས་ནས་རྒྱས་སྤྲོས་ཅན་གྱི་ངོ་སྤྲོད་གང་ཡང་མེད་པར། སྤྱིར་བཏང་གི་རྩོམ་འབྲི་བ་ནང་བཞིན་གྱི་དཀྱུས་མའི་ལམ་འགྲོ་བ་ཞིག་ཡིན།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།