ཀྲུང་གོ་བོད་ཀྱི་དྲ་བ།

མི་སེམས་འབར་བའི་ཞེ་བརྩེ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རི་ཕྱོར་འབྲུག་འབུམ།   སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ང་གར་འགྲོ་གར་འདུག་གི་ཡུལ་གྲུ་རེ་ནས་འབྲོག་མོ་མང་པོ་ཞིག་ལ་འཕྲད་མྱོང་།

བརྩེ་འདང་དང་རྨི་ལམ་ཡོད་པ་སུ་ཞིག་གིས་འཕྲོག་སོང་བ་ཆ་མ་འཚལ་ཀྱང་གཟུགས་མེད་ཀྱི་མནར་གཅོད་དག་ངའི་ཤ་ཡོད་ཁྲག་ཡོད་ཀྱི་སྨྱུག་ཐང་ན་ལྷོད་འཇམ་ཞི་བདེ་ཡིས་འཚོ་བཞིན་ཡོད།

2

བརྩེ་དུང་གི་མི་ཚེ་ཕལ་ཆེར་གྲི་ཁ་རུ་རོལ་བ་མ་ཡིན་ཡང་ན་ཟུག་མཐའ་དག་གཡུ་ཐོག་གསོ་སྨན་སྤྱད་ཀྱང་ཕན་མི་ནུས་ལ་གསེར་དང་དངུལ་ལ་ཕྲད་ཀྱང་བརྗེད་མི་སྲིད་པས།

ངས་ཚེ་སྲོག་གི་དར་ཆ་རིང་དུ་བསྲིངས་ཏེ་མི་སེམས་འབར་བའི་ཞེ་བརྩེ་འདིའི་ཡང་བསྐྱར་ས་སྲོད་ཀྱི་བཟི་ཁ་དེ་རོལ་བར་བྱ།

3

ཏག་ཏག་ས་རུབ་ཐེངས་རེ་རེར་ངས་ཉི་ནུབ་ཀྱི་ཐོབ་ཤོར་གླེང་མྱོང་ལ་བརྩེ་དུང་ཅིག་གི་ལོ་མའི་འཕུར་སྟངས་ལ་བསམ་གཞིགས་ཡང་ཡང་བཏང་ཚར།

ཁ་བའི་རྒྱལ་ཁམས་ཀྱི་མི་མང་ཤོས་ཤིག་ཡོ་བྱད་ལྟར་ཕན་ཚུན་གྱིས་བཀོལ་སྤྱོད་བྱེད་བཞིན་ཡོད།

ངའི་སྙིང་ཉེ་བའི་མཛའ་མོ་ལགས།

ཁྱེད་དང་འུ་གཉིས་ལ་བརྩེ་དུང་གི་རྒྱལ་ས་ཞིག་ཐོབ་རན་ཡང་གཡས་གཡོན་གྱི་མི་ཆེན་འདི་དག་གིས་ཞེ་འདང་གི་ཡོད་ཚད་ལ་ཁྲིམས་ཡིག་ནན་མོ་རེ་སྦྱར་བྱུང་ལ་ཁ་ཏན་གྱི་ཞོ་སྤྲི་མངར་མོ་ཞེ་ནག་གི་དུག་རླངས་ཕོག་ཟིན་པས།

ངས་རང་ཉིད་ལ་ཕངས་སེམས་འདི་ཁེར་ལབ་མི་བཤད་ཀ་མེད་རེད་ཨང་།

མ་གསང་པར་བཤད་ན།

ང་ཁྱེད་ཀྱི་ཁ་གཏད་དུ་འགྲེངས་སྟེ་སྙིང་གཏམ་མང་པོ་ཞིག་བཤད་འདོད་སྐྱེས།      

ད་དུང་རང་དབང་གི་ཁྲོམ་ར་དེ་སྐལ་བརྒྱར་བརྟན་ན་བསམ།

འོན་ཀྱང་།

རླུང་བུ་ཞིག་གིས་ཁ་ཕྱོགས་འགྱུར་ཟིན་ལ་ངའི་མགོ་ཐོག་གི་སྐད་ཆ་ཡོད་ཚད་མ་གཞི་རང་ཉིད་དམ་དུ་སྦྲེལ་བའི་ལྕགས་ཐགས་དེ་རེད་ཨང་།

འཐུང་མ་ཚར་བའི་ཁྱེད་ཀྱི་ཞེ་འདང་གི་འོ་ཇ།

ནམ་ཞིག

གཞན་གྱི་སྒྲོག་ཙེའི་སྟེང་ས་རྡུལ་གྱིས་མནན་འགྲོ་བསམ་ན།

ངས་རང་ཉིད་ཀྱི་ཕྲག་ན་བརྩེ་དུང་གི་བཀའ་ཆད་ཡོད་པ་གཞི་ནས་རྟོགས་ཤིང་ནག་ཉེས་འདི་འུ་གཉིས་ཀྱིས་འདེམས་པ་ཡིན་པས།

ཕན་ཚུན་ལ་གུ་ཡངས་དང་གོ་སྐབས་གནོངས་དང་དུས་ནམ་ཞིག་ཟླ་འོད་ཀྱི་འཇིག་རྟེན་དེ་སྔས་གཞི་གཅིག་ནས་རོལ་ཡང་སྲིད།

4

སྔོན་ཆད།

ང་ནི་སྐྲ་རིང་རྒྱུར་ཧ་ཅང་དགའ།

ནང་དགོས་སུ་ངའི་གཉེན་སྒྲིག་ཐོག་མ་བྱེད་དུས།

གཉེན་ཉེ་མང་ཤོས་ཞིག་གིས་གསར་བུ་སྟབས་བདེ་ཡིན་ཚུལ་གྱི་ཁ་གཡང་ཡང་ཐོབ་མྱོང་།

ད་དུང་།

གཙང་བོའི་ཕར་རོལ་གྱི་གཉེན་ཉེ་འགའ་ཡང་དགའ་མྱོང་།

དེའི་རྒྱུ་མཚན་ནི།

ང་སྡོད་སའི་ནགས་ཚལ་གྱི་རྔོན་པ་ཚོ་དེང་རབས་རིག་གནས་ལ་མི་མཁས་ཡང་ཡོང་སྒོ་ཅུང་ཙམ་བཟང་བས།

སྐབས་དེ་དག་གི་དྲག་རྩལ་སྣ་ཚོགས་ལ་ད་ལྟ་ཕྱིར་དྲན་ཤིག་བྱས་ཚེ།

ངོ་མ།

སྤྱི་ཚོགས་ནར་སོན་བཞིན་ཡོད་ནའངང་མི་བུ་འགའ་འགྲོ་མི་ཤེས་པའི་བྱིས་བ་ཞིག་དང་དགོད་བྲོ་བའི་མགྲོན་པོ་ཁྱུ་གཅིག་དང་འདྲ།

ཁོ་ཚོས།

བཟའ་ཚང་གི་བརྩེ་དུང་དང་མི་སྒེར་གྱི་བརྩེ་དུང་།

མི་རིགས་ཀྱི་བརྩེ་དུང་དང་མ་འོངས་འབྱུང་འགྱུར་གྱི་བརྩེ་དུང་ལ་རྒྱུན་དུ་འབྲེལ་འདྲིས་བྱེད་འདོད་མེད་པ་རེད།

5

ད་ལྟ།

ང་རང་སྙན་ངག་འབྲི་རྒྱུར་དགའ།

དེ་ལས་ཀྱང་བརྩེ་དུང་གི་སྙན་ངག་འབྲི་རྒྱུར་ཧ་ཅང་དགའ།

ངའི་ཆུང་མ་སློབ་གྲྭར་འགྲོ་མ་མྱོང་ཡང་ངའི་འབྲི་དེབ་དག་ལ་བདག་གཅེས་བྱེད་པ་ལས་སུན་སྣང་དང་བར་ཆད་བཟོས་མ་མྱོང་།

ད་དུང་།

ངའི་ཆུང་འདྲིས་ཀྱི་མཛའ་མོའི་བརྩེ་དུང་རང་ཉིད་ཀྱི་བརྩམས་ཆོས་ནང་དུ་འགོད་རྒྱུ་ཤིན་ཏུ་མོས།

འདི་ལྟར།

བརྩེ་དུང་གི་ལོ་ཟླ་བརྒྱུད་ཐེངས་རེར།

ངའི་གཡས་གཡོན་ནས་མཆེ་བ་རྡོ་ལ་བརྡར་བའི་སྤྱང་ཀི་མང་བོས་ང་ལ་འཇིགས་རྔམ་བསྟན་མྱོང་ལ་རྨ་ཁའང་བཟོས་མྱོང་།

གང་ལྟར།

མི་རྣམས་གོ་རིམ་འདིའི་ཁྲོད་ནས་རྒས་བཞིན་ཡོད་པས་གཞོན་སྐྱེས་ཀྱི་བརྩེ་དུང་འཚོལ་མཁན་ཡོངས་ཀྱིས་ཕྲན་ལ་རོགས་རམ་དང་རྒྱབ་སྐྱོར་ཡང་བྱོས་མྱོང་།

6

རྫ་ཆུ་ནི་དྭངས་ཤིང་གཙང་།

དེ་ལས་ཀྱང་།

ད་ལྟ་རུ་སྡེ་ཆུང་ཆུང་འདིར་ངའི་སྙིང་ཉེ་བའི་མཛའ་གྲོགས་ཀྱིས་ང་ལ་རང་དབང་གི་རྩེད་ར་དང་སྒྱུ་རྩལ་རང་བཞིན་གྱི་རྣམ་ཐར་རིང་མོ་ཤིག་ཕུལ་ཡོད་པས།

ཚུལ་དང་ལྡན་པ།

མི་ཆོས་དང་མཐུན་པ།

འཚོ་བའི་དོན་སྙིང་སོགས་རྟོགས་པའི་སྒོ་ནས་ང་ལ་བཟང་བའི་མཛའ་མོར།

དུས་གཏན་དུ།

ཁྲེལ་མེད་བྱེད་མི་རུང་ལ་བྱེད་ཅིང་མི་ཆོག

ས་རུབ་ནས་སྨག་ཧ་ཅང་སྟུག་ཅིང་།

མཛའ་མོའི་གཟུགས་རིས་འབོར་མ་མྱོང་།

རླུང་གཡུགས་ནས་སྒྲ་ཤིན་ཏུ་ཆེ་ནའང་།

མཛའ་མོའི་རྡོག་སྒྲ་ནོར་མ་མྱོང་།

འདི་ལྟར།

ཕན་ཚུན་མཛའ་གྲོགས་སུ་གྱུར་བའི་ཨང་རིམ་ཁྲོད་ནས་མཛའ་མོ་ནི་ངའི་བརྩེ་དུང་ལ་དར་ཆ་འཛུགས་པའི་སེམས་བཟང་གི་འབྲོག་མོ་ཡ་རབས་ཞིག་དང་བློ་ཁོག་ཡངས་བ་ཞིག་ཡིན།

7

ང་ནམ་ཞིག་ལ།

མིའི་བཟོས་བའི་ཨོབ་དོང་དུ་ལྷུང་བ་ཆ་མི་འཚལ་ཡང་།

གོམ་པ་སྤོ་ཐེངས་རེར་ཧ་ཅང་སེམས་ཆུང་བྱས་བ་ཡིན།

མཛའ་གྲོགས་མས་བཤད་པའི་སྐད་ཆ་ཞིག་ངས་རྒྱུན་དུ་སེམས་ལ་བཟུང་བ་ཡིན།

དེའི་མི་ཚད་རི་སྤྱང་འགའ་ཡིས་ང་ལ་གནོད་འཚེ་བྱེད་པའི་གོ་སྐབས་འཚོལ་བའི་སྐབས་སུ།

ངའི་ཕ་ཡུལ་གྱི་མི་བུ་འགའ་རི་སྤྱང་ཅི་བཤད་ལ་མཁས་ཤིང་རང་ཉིད་ཆེས་བར་ཐག་ཉེ་བའི་ཕྱེ་ལེབ་སྙིང་རྗེ་དག་རླུང་གིས་ཁུར་འགྲོ་ནའང་ཁོ་ཚོས་སེམས་ཁྲལ་བྱེད་མ་མྱོང་།

ཆེས་ལྐོག་གྱུར་གྱི་བྱུང་ཚུལ་འདི་དག་གི་ཁྲོད་ནས་ངས་དྲན་སླ་བ་ནི་མཛའ་གྲོགས་མ་དེའི་སྐད་ཆ་རེད་ཨང་།

8

མི་ལུས་ནི་གསེར་གྱི་མཆོད་རྟེན་ཡིན་ལ་བརྩེ་དུང་ནི་གསེར་གྱི་ལྡེ་མིག་ཤིག་ཡིན་པས།

ལུས་འབྲེལ་འདི་ལ་མཐོང་ཆེན་གནོངས།

ངའི་འཛུབ་གུ་འདི་ཆད་མ་སོང་ན།

ཁྱེད་ཀྱི་གནང་བའི་མཛུབ་དཀྲིས་ལ་རང་སྲོག་ལྟར་སྙིང་ནས་གཅེས་ལ།

ཁྱེད་ཀྱི་བཞག་པའི་བརྩེ་བ་ལྷ་ཆོས་ལྟར་གཙུག་ཏུ་བཀུར་ངེས།

9

མཛའ་མོ་ཡ།    མཛའ་མོ་ཡ།

འུ་གཉིས་བར་ན་ཚེར་མའི་ནགས་ཚལ་ཤིག་མཆིས་ནའང་།

ངའི་སྙན་ངག་དང་འཕྲིན་ཡིག་གི་གཤོག་འགྱུར་རེ་ན།

མཐོང་མདོག་གི་རྩེད་ར་དང་ཞི་བདེ་ཡི་དག་ཞིང་ཡོད་པས།

ནམ་ཡང་ཡིད་མ་སྐྱོ།

སེམས་མ་སྡུག

བློ་མ་ཕམ།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།