ཀྲུང་གོ་བོད་ཀྱི་དྲ་བ།

བསམ་གྲུབ་ཀྱི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་གྲུབ།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2018-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བགྲོད་སྟངས་ཤིག

རྩྭའི་སྤྱིལ་བུའི་གནས་ཚང་ཞིག་ལན་རེར་རྙེད་སྲིད་ཀྱང་།

ཐང་གཞོང་གི་མཚེའུ་བཞིན། སྐམ་སླ་བའི་ལྟོ་ཁོག་དེའི་ཆེད་དུ།

འཚེར་སའང་ཟླ་རེར་ཐེངས་རེ་སྤོར་དགོས།


རྡོག་པོ་ཆུང་ཆུང་གི་ནས་འབྲུ་དག་ཀྱང་སྔར་བཞིན་མཁོ་སྟེ།

དེ་སྔ་ངས་བྱང་ཆ་ལྡན་པའི་ལྐོག་གྱུར་གྱི་ཐོང་ལྕགས་དྲུད་ནས།

འཇིགས་ཉེན་ཆེ་བའི་ས་རྒོད་སློག་ཏུ་ཕྱིན་མྱོང་། 


ཚུར་འདྲེན་ཚུལ་ཞིག

འཚོ་བའི་གྲུ་ཟུར་གྱི་སློང་མོ་བ་ཞིག་ཏུ་བརྩིས་ན་དེའང་ག་ལ་ཡིན།

བཙའ་ཆགས་པའི་ལས་དབང་གི་ཇ་ཕོར་དང་འགྲོགས་ཏེ།

ལག་ཟུང་སྟོང་པ་གཞན་ལ་བསྲིངས་ཚུལ་ཞིག

གཏམ་རྒྱུད་འདིའི་ནང་དུ་ཡེ་ནས་མི་འདུ།


ཡིན་ནའང་། གཞན་གྱི་སྒྱེ་མོར་རྨུགས་ཏེ་རལ་དུ་བཅུག་པས།

རྩྭ་གསེབ་དང་འབྲུབ་ཁོང་གི་གསང་ལམ་འབའ་ཞིག་ཉུལ་མཁན་སྟེ།

མདོར་ན། མཇུག་མ་ལས་ཀྱིས་ཆད་པའི་ཙི་གུ་ནི་ཡིན་ཤས་ཆེ།


སྣང་ངོར་དོགས་ཟོན་གྱི་རླུང་བུ་ཀྱ་ཀྱུར་གཡོ་ཞིང་།

སྒོ་འགྲམ་ན་ཐོ་ཡོར་གྱི་གྲུབ་གཟུགས་མངོན་དུས།

མཚན་མོའི་སྒལ་གཞུང་དུ་རྒྱ་རྙིའང་བཙུགས་ཡོད་པའི་རྟགས་ཡིན།


འགག་འཕྲང་རེ་རེ་ནས་ཐར་འོངས་དུས།

འཛུལ་ཁོང་འདི། ང་ཁོ་ནར་དབང་བའི་རྡོག་ལམ་སྟེ།

རྟོགས་སླ་བ་ནི། ས་རུབ་མེད་པའི་སྨག་ལྗོངས་དེའི་ཕྱི་ནང་མ་ཡིན་ནམ།


ཆ་འཇོག་སྟངས་ཤིག

རྡོ་ཆག་གི་སེར་ག་ལྟ་བུ་ཞིག་མངོན་ཐེངས་རེར།

ཁྱོད་ནི། ལུས་ཀྱི་བ་སྤུ་དང་སྐྲའི་ཉག་མ་རེ་རེ་ལས་ཀྱང་ཕྲ་སྟེ།

ཁབ་མིག་དོག་པོའི་ནང་ལྷོད་ཀྱིས་འཛུལ་ནས།

གྲིམ་ལྷོད་མེད་པའི་སྐུད་ཐག་དག་གི་སྣེ་མོ་བཞིན།

སྲུབས་ཀ་གང་རུང་ལས། ཡང་བསྐྱར་ཐུར་ནས་ཐུར་དུ་དཔྱངས།


ཉེན་ཁའི་ཨི་ཁུང་ནང་འཛུལ་ནས་ཚུར་འཁོར་དུས།

ཡུན་རིང་འཐིབས་པའི་སེམས་ཀྱི་བྱིང་རྨུགས་ཀྱང་ག་ལེར་སངས་འགྲོ།


མཚོན་སྟངས་ཤིག

བར་ཚགས་ལྷོད་པའི་སེང་རས་ཀྱི་ནང་རོལ་ནས།

རང་ཉིད་ཁོ་ནས་མྱོང་ཐུབ་པའི་སྐྱིད་སྣང་གི་སྣ་གླུ་ཞིག་ལེན་བཞིན་པ་དེ།

སུ་ལའང་རྒྱུས་མངའ་མེད་ཅིང་། སུས་ཀྱང་མ་ཚོར་བ་བདེན་དུ་ཆུགས།


འཚོ་བའི་ཁ་དོག་འགྱུར་བའི་གཏམ་རྒྱུད་དེ་གླེང་མ་ཐག

རྣ་བ་གཡོར་མཁན་མང་པོ་ཞིག  ཐེ་ཚོམ་འཕྲིགས་གེར་འདུག་ཀྱང་།

ལམ་ཀ་འདིའི་རུམ་དུ་སྤུངས་པའི་གསང་བ་དེ་དག

ཁྱོད་ཚོས་ཁ་སང་རྟོགས་མེད་ལ། སང་ཉིན་ཀྱང་རྟོགས་མི་སྲིད།

2006.09.13པེ་ཅིན་ནས།


གདོང་རིས་ཀྱི་ངོས་གཞན་ཞིག(ཞར་བཀོད་གཅིག)

----གསོལ་སྟོན་ཞིག་གི་མཐོང་ཐོས།

རྭ་གཉིས་ཀེར་དུ་འགྲེང་། རྐང་ལག་ཤིག་ཤིག་ཏུ་འགུལ།


རྒྱ་མི་ཚོས། སྡིག་སྲིན་གྱི་ཀླད་ཁོག་ཡིད་ཚིམ་པ་རེ་འཇིབ་ཏེ།

མདུན་དུ་སྤུངས་པའི་རུས་པ་དག་བསྐྱུར་རྗེས།

སྒྲེགས་པ་འུར་འུར་དུ་འཐེན་ནས་བུད་སོང་།


ངས་འབྲས་རྐྱང་དཀར་ཡོལ་གང་གིས་ལྟོགས་སྣང་ཙམ་སེལ་རྗེས།

རྒྱང་རིང་གི་ཨ་མའི་ལག་སྐོར་རྩམ་པ་དྲན་ཏེ།

ནང་ལོགས་ནའང་། རྩམ་པ་ཟ་རྒྱུ་ཡོད་ན་ཅི་མ་རུང་སྙམ།


གསོལ་ཅོག་གི་མཐར་རུབ་པའི་གདོང་རིས་དེ་མཐོང་བས།

གློ་བུར་དུ། ང་ལ་བྲེད་ཤ་བག་ཚ་བ་ཞིག་ལངས་སོང་། 


སྡིག་སྒྲིབ།


མེ་ལོང་གི་གཡའ་ནི་ཕྱིས་ན་དག་སླ་ཞིང་།

མིའི་ལུས་ཀྱི་ཚི་དྲེག་ཀྱང་འཁྲུས་པས་འདག་སྲིད།

ཡིན་ནའང་། སྡིག་སྒྲིབ་ནི་དེ་ཙམ་འདག་སླ་པོ་ཞིག་མིན།

2010.08.11ཞ་མེང་ནས།


བརྩེ་དུང་གི་རང་གཤིས།

1

བརྩེ་འདང་གི་མེ་ལྕེ་དྲག་ཏུ་སྦར་ནའང་།

མེ་ལྕེ་འདི། ཆུ་འཁྱགས་ཐོམ་བུ་གང་གིས་ཞི་སླ་དུས་ཀྱང་ཡོད།    

2

བརྩེ་དུང་ནི། བྱེ་རྡུལ་སྤར་མོ་གང་མཛུབ་བར་ནས་ཟག་པ་དེ་ཡིན་ལ།

ཆུ་དང་འོ་མ་གཉིས་ཆུ་སྐྱོགས་གཅིག་ཏུ་འདྲེས་པ་དེའང་ཡིན།

3

མིག་ཆུ་ནི།

རེས་འགར་སྨྲ་བསམ་བརྗོད་ལས་འདས་པའི་བདེ་སྐྱིད་ཅིག་ཡིན་ན།

འཛུམ་དགོད་དེ་ཡང་།

ལན་རེར། སྨྲ་མི་ཤེས་པའི་ན་ཟུག་ཅིག་ཅི་ལ་མིན།

4

ཁྱོད་ནི། ང་ཡི་ཆེད་དུ་འཆི་བར་སྤོབས་ཀྱང་།

ང་ནི་ཁྱོད་ཀྱི་སླད་དུ་གསོན་མི་ཐུབ་པའི་ངེས་པ་མེད།

5

རྟོགས་དཀའ་བ་ནི་འདས་སོང་གི་གསང་བ་དེ་ཡིན་ལ།

སེམས་ལ་ཤོང་དཀའ་བ་ཡང་གསང་བ་དེའི་གསང་བ་ཡིན།

2008.11.07པེ་ཅིན་ནས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།