ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་འཛིན་མེ་ཏོག (ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རུས་ཀོག[དཀར་མཛེས]   སྤེལ་དུས། : 2018-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞག་པོ་ལྔ་བརྒྱ་བཅུ་ཡི་དུས་ཡུན་རིང་།།

ང་ཡི་སེམས་ཀྱི་ཆར་ཞོད་ཁྱོད་ཕྱོགས་བབས།།

ད་ནི་ཁྱོད་ཞལ་པདྨའི་སྡོང་པོ་ཡང་།།

ང་ཡི་ར་སྐོར་འདི་ལས་བྱོལ་གྲབས་འདྲ།།

དབྱར་ཐུང་དུས་ཡུན་ཟེར་བ་མིག་ལྡེབ་ཙམ།།

ཡིད་འཛིན་མེ་ཏོག་ཁྱོད་ཀྱི་རང་གཤིས་ཀྱང་།།

དབྱར་གྱི་རྫུ་བག་ཀློང་དུ་སིམས་པར་གྱུར།།

ཀྱེ་ཧོ་ཡིད་འཁུམ་ཀྱེ་ཧོ་ཡིད་རྨོངས་པས།།

ཁྱེད་ཉིད་ང་ཡི་སེམས་ཀྱི་ཞིང་ཁ་ནས།།

དུས་ཐུང་སྐད་ཅིག་ཙམ་ལས་མི་བཞད་པ།།

ང་ཡིས་ཞབས་ཏོག་གང་དེས་མ་འགྲིག་གམ།།

2018/6/25

ངོ་ནོངས་པ།

ཀྱེ་ཀྱེ་ཡིད་འཛིན་མེ་ཏོག་མ།།

འཇིག་རྟེན་འདི་ནི་ཆེས་འཇིག་རྟེན།།

སྙིང་བོ་མངའ་བའི་མི་སེམས་ཤིག།

ཡོད་རེ་དཀོན་པ་བདག་གིས་རྟོགས།།

སྔ་དྲོ་དག་ནི་ཕྱི་དྲོས་བསུབས།།

ཕྱི་དྲོ་མཚན་མོར་ངང་གིས་འབྱམས།།

དུས་འདིས་ང་ཉིད་བློ་གསལ་བཏང་།།

ཁྱེད་ཀྱི་ཚོགས་སུ་གཞས་ཙམ་དང་།།

གླུ་མཁན་ཕུལ་བྱུང་མང་པོར་མཆིས།།

ཁྱོད་ཀྱང་དེ་ཚོའི་གླུ་གཞས་རེས།།

ཡིད་འགང་དགའ་མགུས་འཚེངས་པའོ།།


ང་ནི་དབུལ་ཞིང་འཁོས་ཞན་པས།།

ཁྱེད་ཉིད་མཚར་བའི་གདོང་ཡང་མེད།།

ཁྱེད་ཉིད་འཚེངས་པའི་ལོངས་སྤྱོད་ཅིག།

ང་ཡི་ཕྱི་ནང་གཉིས་ན་དཀོན།།

དེ་ཚེ་ཡིད་འཛིན་མེ་ཏོག་ཁྱོད།།

བདག་བློས་མི་ཆུམས་འཆོར་བར་དོགས།།

བདག་ཉིད་ངོ་ཚས་ནོངས་པར་གྱུར།།

2018/6/23


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།