ཀྲུང་གོ་བོད་ཀྱི་དྲ་བ།

རྨོག་ཐང་དཀར་གྱི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷ་ས། ཁྱོད་ནི་འོད་ཟེར་དཀར་ནག་བདོ་བའི་འཇིག་རྟེན་ཞིག་རེད།

མི་མངོན་པའི་དུད་སྤྲིན་རབ་ཏུ་འཁྲིགས་ཏེ

བར་སྐོར་ནས་མཆེད་པའི་མེ་ལྕེ་སྐམ་ཧྲིག་གེ་བ་དེ

སྨྱོ་ཧམ་གྱི་ཆང་རྩིས་ཇི་ལྟར་མཉེད་ནའང

ཡིད་ཀྱི་གས་ཆག་དང་ཨུ་ཁུང་ལ་སིམ་པ་ཡོད་མི་སྲིད


ལོ་རྒྱུས་ཀྱི་ཡིག་འཕྲེང་གསེབ་ནས

ནོར་འཆུག་དང་ཁྲམ་རྟགས་རིགས་ཤིག་མངོན་ཆུང་གིས་འོང་ནས

འཕྱོངས་རྒྱས་ཟླ་སྒྲོལ་ལ་ལྐོག་གྱུར་གྱི་དུས་ཆད་བགོས་འདུག


དུས་ཚིགས་ནི་ཐ་མག་བཞིན་མེ་ལ་བསྒྲོན་རྗེས

སྐྱིད་ཆུའི་གཞུང་དུ་ཅི་ཞིག་རོ་ལངས་རྒྱག་ངེས་པའི་དམ་ཚིག་ལུས་ཡོད


རྡོ་བ་འོད་ཀྱིས་བཞུས་པའི་མཐར་ཐུག་གི་གཤེར་ཁུ་དེ

དུས་གསུམ་གྱི་མཚམས་ལས་བརྒལ་བའི་ཚངས་མགུར་དུ་ཐིམས


སྐྱེ་འཕྲེང་གི་གླེགས་ཐག་ཆད་རག་བར་དུ

བྱིས་དུས་ཀྱི་སྣང་བ་མ་རྫོགས་པའི་མི་ཕོ་སྙིང་རྩིད་ཅན་དེས

ཆུ་དང་རྩམ་སྐྱའི་ཞི་དབྱིངས་ཀྱི་འཁོར་འདས་སྐྱོང་མྱོང


སྡེ་སྲིད་སངས་རྒྱམ་གྱི་ཕྱི་ནང་ལས་འཕྱུར་བའི་ཁ་རླངས་དེ

བག་ཡངས་གཟབ་མཆོར་སྤྲས་པའི་སྨད་འཚོང་མ་དེས

ནོར་བུ་གླིང་གའི་ཁུ་སིམ་གྱི་དུང་སྒྲ་དང་ལྷན་མུན་ནག་གི་བུམ་པར་བླུགས


འཆི་བདག་གིས་བདས་པའི་རྟ་ཁ་བསྒག་དུས

གསེར་འོད་ལམ་ལམ་གྱི་རྒྱ་ཕིབས

དངུལ་འོད་ལམ་ལམ་གྱི་ཅོང་རྙིང

ཉི་ཟེར་གྱི་ལྡོག་འོད་དུ་མཚར་སྡུག་དང་རྒྱས་སྤྲོས་ཀྱིས་འདུ་བའི་རྣམ་ཤེས

དེ་དག་ནི་འོད་སྟུག་པོ་ཞིག་དང་མཚུངས་པའི་ལྷ་སའི་འཇིག་རྟེན་རེད

 ༢༠༡༨/༣/༢༢ 

བོད་ཀྱི་སྒྲུང་རིང་《གཙུག་གཡུ་》ལ་ཕུལ་པ།

_____ རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལགས་ཀྱིས་བརྩམས་གནང་མཛད་པའི་བོད་ཀྱི་སྒྲུང་རིང་སྔ་ཤོས་《གཙུག་གཡུ་》ཡང་བསྐྱར་བཀླགས་གྲུབ་པའི་ཟིན་ཐོར་ཕབ།

དུས་ཚོད་ཀྱི་རྟ་ཕོ

རྨི་ལམ་མི་རྟག་པའི་སྐད་སྒྲ

བར་སྐོར་གླིང་གི་ཉི་འོད་ཀྱི་ལྕགས་སྐུད

འབྲོག་ཁྱིའི་འཚོ་བ

འཁོར་བའི་གྱང་ངོགས་སུ་སྦས་པའི་རི་དྭགས

སྡུག་བསྔལ་གྱི་ནགས་ཚལ

ཚེར་མའི་ཕུང་བོ

ཞི་བའི་ཆུ་ཀླུང་གི་རྦ་རླབས

ཉམ་ང་བའི་ངོ་གདོང་སྐྱ་བོ

གསེར་དངུལ་གྱིས་ཤན་བཏབ་པའི་རོལ་དབྱངས

གྲོང་ཁྱེར་གྱི་དུད་ནག་འཚུབ་པའི་ཡོ་ལངས

ཆད་ལ་ཉེ་བའི་དར་ལྕེ་དཀར་ནག

འཇིམ་སྐུ་ཞིག་གི་ངུ་སྐད་འབྱིན་པའི་རྣམ་འགྱུར

ཁེར་རྐྱང་དང་ཁྱུ་ཚོགས་ཀྱི་རི་གྲོང

བསམ་བློའི་འགུག་ཤུགས

འཁྲུལ་སྣང་གི་མིག་ཟུང་ཀྱ་ཀྱུ

ནང་སེམས་གཟུགས་མེད་ཀྱི་རྨ་ཁ

གློག་འཁྱུག་པ

ཚེ་སྲོག་གི་མཇུག་མཐའི་འགྲུལ་བཞུད་རིང་མོ

མིག་ཆུས་བརླན་པའི་རྩྭ་ཐང་གི་སྦྲ་ནག

རི་བོ་སྟག་སེང་གི་ཁ་སྤུ

མཚམས་སྤྲིན་དུམ་བུར་ཆད་པའི་མཐུད་སྣེ

ལོ་རྒྱུས་ཐོད་རྒལ་དུ་ཕྱིན་པའི་འདུ་ཤེས

སྒྱུ་འཕྲུལ་གྱི་སྣང་བརྙན

ཞེན་ཆགས་ཀྱིས་སྟོང་བའི་གངས་རི

སའི་ཐིག་ལེ་དང་རླུང་གི་དཀྱིལ་འཁོར

གཙང་བོར་ཞུགས་པའི་བྱ་ཁྱུ

ཆོ་འཕྲུལ་སྣ་ཚོགས

འཇིག་རྟེན་པའི་ཁ་སྐད་དང་གཏམ་དཔེ

དངོས་པོ་སྐད་ཅིག་མའི་ཆགས་འཇིག

བརྩེ་དུངས་དང་མི་སྙན་པའི་ཐ་སྙད

ས་མཐའི་ཞག་སྒྲོན

ཤ་དང་རུས་པ་སོ་སོར་འཐོར་བའི་ནད

མག་མོག་རྟ་གླང་གི་གྲིབ་མ

ཚེ་རབས་ཀྱི་ལས་སྣང་མ་དག་པ

བྱ་རྒོད་ཀྱི་གཤོག་པ་ཆད་པའི་ཟུག་རྔུ

ཉི་ཟླ་ལྟག་སྤྲོད་ཀྱི་འགལ་འདུ

ཅ་ནེ་ཆག་པའི་མྱ་ངན

སྐྱོ་བ་དབྱངས་སུ་དཀྲོལ་བའི་སོ་སྐྱེས

བར་སྣང་གི་མཆོད་རྟེན


འུ་གཉིས་བར་གྱི་སྨིག་རྒྱུ།

ནང་རོལ་གྱི་ཁུ་སིམ་དཀྲོག་པའི་རོལ་དབྱངས་ལྡབ་ལྡིབ་ཅིག་གིས

སྐེ་ལ་འཁྱུད་པའི་དུག་སྦྲུལ་བཞིན

སྡོད་མི་ཚུགས་པའི་འཇིགས་སྣང་སྟེར་ནའང

ཅི་ནས་ཀྱང་འོད་ཟེར་གྱི་ལྡིང་ཁང་འདི་ལ་གྱེས་ཐབས་མ་མཆིས


ཉི་ནུབ་ཀྱི་མཚལ་ཁ་དྲན་གདུང་གིས་སྒྲིབ་རྗེས

མེ་ལྕེ་མེད་པའི་ནགས་ཚལ་ནི་ཉམ་ང་བར་གྱུར

དེའི་རྗེས་སུ

ང་རང་བསམ་གཞིག་སྣ་ཚོགས་ཀྱི་རྩེ་མོར་བབས་ཏེ

ཨུ་ཚུགས་ཀྱིས་རང་གཤིས་ལ་གད་བདར་རྩོམ་པའི་སྟ་གོན་བྱས


སྐྱོ་གདུང་ནི་ཁུར་ལྗིད་པོ་ཞིག་སྟེ

སྙིང་ཤའི་སྲུབས་ཀ་ནས་ཁྲག་དམར་ཆད་མེད་དུ་བཞུར་མགོ་ཚུགས


རྒྱབ་རི་སྨུག་པོ་དེ་ལྷ་ཡི་སྲུང་རི་གཉན་པོ་ཞིག

མདུན་གྱི་གངས་ཆུ་ནི་མེས་པོའི་ཚེ་ཆུ་དྭངས་མོ་དེ་ཡིན་འདུག་པས

ངས་རང་ཉིད་ཀྱི་འཆར་གཞི་ཡོད་དོ་ཅོག་རླུང་ལ་བསྐུར་ནས

ལྷ་དང་མེས་པོའི་འདོད་ཐོག་ལ་ཅང་ཤེས་མངགས


འུ་གཉིས་གཅིག་མཐུན་གྱི་དམ་ཚིག་ལ་ཉམས་རྒུད་ཐེབས་ནའང

ངས་ལོ་ཟླ་རེ་རེར

ཁྱོད་ཀྱི་མཛའ་གཅུག་གི་གཞོགས་སུ་རྒྱ་སེ་མེ་ཏོག་རེ་འདེབས་ངེས

མིག་ཆུའི་ཐིགས་པ་རེ་གཏོར་ངེས

༢༠༡༨-༢-༢༡ 

བོར་སྟོར།

ཤར་ནུབ་ཀྱི་སྡོང་ལོ་འཐོར་བའི་ཉི་འོད་བག་ཕྲ་བ་དེ

ལྷ་ཡི་བུམ་ནང་གི་ཚེ་ཆུ་ཁྱོར་གང་སྐམ་ལ་ཉེ་བ་བཞིན

སྣང་བའི་ངོས་གཞན་ཞིག་ནས་ཧུར་ཐག་གིས་ཟགས


རླུང་བུ་རེ་རེ་གདུག་རྩུབ་ཀྱིས་གཏུབས་ཏེ

ཁྱོད་ཀྱི་རྣམ་ཤེས་གྲུ་རྫིང་ཞིག་ཏུ་སྒོམ

དེ་ལྟ་ནའང

ནང་སེམས་ཀྱི་སྐྱེ་དངོས་མཐའ་དག་ལ་ཉམས་རྒུད་ཐེབས


ད་ལྟ

ཚེ་རབས་ཀྱི་སྒམ་ཆུང་ནང་གི་མེ་ལྕེ་དང་ས་བོན་ལྟ་བུ

ཚེ་སྲོག་གི་མིག་ཆུ་སྙོལ་བའི་ཡར་ཀླུང་གི་སྨུག་པ་ལྟ་བུ

ཡང་ཟོར་ལྡན་པར་ལྷོ་མཐའི་མུན་པར་ཐིམས


འཕྱོ་འཇགས་ཀྱིས་ཤུགས་ཟད་པའི་རྦ་རླབས

སྟོན་ལྗོངས་འདིར་ཉམ་ཐག་པའི་དར་ལྕོག་གཡོ་བ་བཞིན

འགྲེལ་བཤད་ཀྱི་མཐའ་ལས་འདས


རྨི་ལམ་གྱི་གས་སྲུབས་ངོས་གཉིས་ནི

ཟིན་ཐབས་བྲལ་བའི་ནམ་མཁའི་ཁ་དོག་རང་སྟེ

སྐྱེ་འཆིའི་མེ་ལོང་དུ་ཤར་བ་ནི་ང་དང་ཁྱོད་མ་ཡིན


ཉི་འོད་ནི་གཞིས་ཀ་རྒྱ་ཆེ་བ་དེ་ཡིན་པར་བསམ་ཚེ

བློས་མི་ཐོང་བའི་ཧྲལ་ཧྲུལ་གྱི་སྣང་བ་དེ་དག

གྲིབ་མའི་རྟོག་བརྙན་དང་ཉེ་བར་བཅར་འོང

 ༢༠༡༨ ༢ ༢ ཉི་ཟླ་ལྕགས་རི་ནས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།