ཀྲུང་གོ་བོད་ཀྱི་དྲ་བ།

ང་རང་འགྱུར་ཡོད་པ་འདྲ།

  རྩོམ་པ་པོ། : དུ་སྤྲིན།   སྤེལ་དུས། : 2018-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་འགྱུར་ཡོད་པ་འདྲ།

དུ་སྤྲིན།      (ནང་ཆེན།)

ལོ་ཟླ་ཧྲིལ་པོ་ཞིག་ཉི་མ་ལྟར་བཞུད་སོང་།

མི་ཚེ་ཕྱེད་ཀ་ཉི་མ་དེའི་གྲིབ་གཟུགས་དང་ཡོངས་སུ་མཚུངས།

འོད་ཟེར་དང་ཡོངས་སུ་མཚུངས།

བདག་ལ་སྐྲ་ལོ་སྤར་མོ་གང་ལས་ཀྱང་མེད་ནའང་།

ངས་དེ་དག་གཏན་ནས་ཚོར་ཐབས་བྲལ།

ང་རང་མཐོང་འདོད་མེད་པའི་རྒས་པོར་གྱུར་ཚར་ནའང་།

ངས་དེ་དག་རྙེད་ཐབས་བྲལ།


ལོ་ཟླ་ཧྲིལ་པོ་ཞིག་ཆུ་བོ་ལྟར་བཞུར་སོང་།

ཡིད་ཀྱི་གཟུགས་བརྙན་དེ་དག་ཆུ་རླབས་དང་འགྲོགས་པའི།

འཇའ་རིས་དང་ཤིན་ཏུ་མཚུངས།

ང་ལ་བདེ་བ་སྤུ་ཉག་ཙམ་ལས་མ་ལྷག་ཀྱང་།

ངས་དེ་དག་ཚོར་ཐབས་ཡོངས་སུ་བྲལ།

ང་རང་རྙེད་འདོད་མེད་པའི་སེར་གས་ཀྱི་དཀར་ཡོལ་ཞིག་ཡིན་ནའང་།

ངས་དེ་དག་བཙལ་ཐབས་བྲལ།


ལོ་ཟླ་ཧྲིལ་པོ་ཞིག་དབྱར་ཟླ་ལྟར་བཞུད་སོང་།

ང་ཡི་ཚོན་མདངས་དེ་དག་མེ་ཏོག་གི་འདབ་མ་ནང་བཞིན།

ནམ་ཟླ་དང་ལྷན་དུ་འགྲོགས་སོང་།

རླུང་བུ་དང་མཉམ་དུ་སྤུར་སོང་།

ང་ལ་སྨིན་མ་ཙམ་ལས་མ་ལུས་ཀྱང་།

ངས་དེ་དག་ཚོར་ཐབས་ཡོངས་སུ་བྲལ།

ང་རང་འཐུང་འདོད་བྲལ་བའི་ཆུ་རུལ་ཞིག་ཏུ་གྱུར་ནའང་།

2017/1/1ཉིན་གྲུབ།


ལོ་མཇུག་གི་སྙན་ངག


ཟླ་བ་བཅུ་གཉིས་རྫོགས་རྗེས

ང་ཚོ་ཏག་ཏག་རྒས་མགོ་ཚུགས་པ་རེད

ང་རང་འདི་ལྟར་ཁེར་རྐྱང་ཞིག་མ་ཡིན་ན

ང་ལ་ཆུང་མ་ཞིག་ཡོད་པའི་དབང་དུ་བཏང་ན

ང་རང་ཨ་ཕ་ཞིག་ཏུ་ཆགས་ཏེ

གཅེས་སུ་འོས་པའི་བུ་ཕྲུག་དེ་དག་གིས

མགྲིན་པར་ཡོངས་སུ་འཁྱུད་སྲིད


ཟླ་བ་བཅུ་གཉིས་རྫོགས་པའི་རྗེས་ནས

ང་རང་སྔོན་ཆད་འགྲོགས་མྱོང་པའི་མི་དེ་དག་དང

བར་ཐག་ཇེ་རིང་ནས་ཇེ་རིང་འགྲོ་རྒྱུ་རེད

སྔོན་ཆད་ཡིད་འོང་གི་ཁ་རས་དེ་དག

ད་ལྟ་སད་ཀྱིས་བཅོམ་པའི་མེ་ཏོག་དང་ཀུན་ནས་མཚུངས

2018/1/2ཉིན་བྲིས།


མཚན་མོ་དེར།


ཕྱི་རོལ་དུ་མུན་པ་ལྡང

མུན་པ་དང་ལྷིང་འཇགས་འདྲེས

མི་ཚོགས་དང་མུན་པ་འདྲེས

མུན་པ་ལས་ཁེར་རྐྱང་གི་འཚོ་བ་རོལ

ཁེར་རྐྱང་དུ་ཁྱོད་རང་དྲན

ཁྱོད་རང་ཟླ་འོད་གམ་དུ་བསྙེགས་སྟེ

ང་ཡི་དྲན་པའི་རྒྱ་མཚོ་ཡོངས་སུ་གསལ


ཕྱི་རོལ་དུ་རླུང་བུ་ལྡང

རླུང་བུ་དང་སེམས་པ་འདྲེས

དྲན་གདུང་དང་ཆུ་བོ་མཉམ

རླུང་བུ་དྲག་ཏུ་ལྡང   དྲན་པའང་དྲག་ཏུ་ལྡང

ཆུ་བོའི་གཏིང་རིམ་ཧ་ཅང་ཆེ

ཆུ་བོ་ལས་དྲན་གདུང་གི་ཉ་མོ་འཁྱུགས


མཚན་མོ་དེར

ཡོད་ཚད་གཉིད་ཟིན

འགྲུལ་བཞུད་ཀྱི་མཚམས་ཡོངས་སུ་ཆད

ངའང་གཉིད་ཅོག་བརྒྱབ

རྨི་ལམ་དུ་ཁྱོད་རང་རྨིས

ངོ་གདོང་དང་ངོ་གདོང་འདྲེས་པ་རྨིས

མཆུ་སྒྲོས་དང་མཆུ་སྒྲོས་སྦྱར་བ་རྨིས

རྨི་ལམ་དུ

2018/1/3ཉིན་བྲིས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།