ཀྲུང་གོ་བོད་ཀྱི་དྲ་བ།

ཇག་ལམ་གྱི་སྨུག་པ། (ཞར་བཀོད་གསུམ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྨོག་ཐང་དཀར།   སྤེལ་དུས། : 2017-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཚིགས་ཀྱི་ཉམས་ལ་ལྟོས་དང་། 

འུ་ཐུག་པའི་ངོ་གདོང་དུ་ཉིན་མཚན་མང་པོར

ཆང་དང་དུ་བའི་བསིལ་དུད་འཁྱུག

སྲང་བར་དུ་ག་ལེར་གཟིགས་དང

འགྲེང་དུད་ཀྱི་སྐྱེ་བོ་ག་ཚོད་དུས་ཚོད་ཀྱི་ལྕགས་མདས་དེད་དེ

ཕྱིར་བལྟས་མེད་པར་བྲོས་བཤོལ་བྱ་ཡིན་འདུག

ལོ་ངོ་བརྒྱ་ཕྲག་གི་རྗེས་སུ

ཞིང་གྲོང་དང་འབྲོག་ཁུལ་གྱི་འཚོ་བ་ལ་གོ་ནོར་ཐེབས་ནས

གཤེ་བ་དང་སྤྱོ་བ་དང་སྡིགས་པ

གུས་པ་དང་བཀུར་བ་དང་བསྟོད་པ

སྣ་ཚོགས་པ་ཞིག་དངོས་མང་བཤམ་སྟོན་ཁང་དུ་ཡོད་ངེས

སུའི་ཆེད་དུ

མིག་གི་ཟབ་ལམ་ནས་རྦབ་རྡོ་ཉིལ་དུས

སེམས་ཅན་གྱི་གློ་སྙིང་ཕྱི་རུ་བཏོན་འདྲའི

ཐང་ཆད་དང་ངལ་དུབ་སྣ་ཚོགས་ཤིག་སླེབས་པར་ཚམ་ཚོམ་མེད

ཡིན་ན་ཡང  ཁེར་རྐྱང་གི་ངལ་གསོ་གཏོང་དགོས་མི་འདུག

འཁོས་ཀ་ཞན་པའི་རྒྱུ་སྐར་དང་དགུ་ཚིགས་ཀྱི་དཀྱིལ་འཁོར

གཅོམ་ཆུང་གི་ནམ་ཟླ་དང་དུས་ཚོད་ཀྱི་བར་ཐག

ངོས་མི་གཅིག་པའི་གྱང་ལྡེབས་ཤིག་དང་འདྲ

“དགུན་ཁ་ནི་ཁེར་ཧྲེང་དང

དབྱར་ཀ་ནི་གྱེས་བྲལ་ཉིད

དཔྱིད་ཀ་ནི་དེ་གཉིས་བར་གྱི་འབྲེལ་ཟམ་སྟེ

སྟོན་ཀ་གཅིག་པུ་དུས་ཚིགས་མཐའ་དག་གི་ནང་དུ་སིམ་ཡོད”*

ད་ལོའི་སྟོན་མཇུག་ནས་དགུན་གྱི་བར

དུས་ཚིགས་ཀྱི་ནང་སྙིང་ཐ་དག་ཆུ་ལ་བཏབས་པ་བཞིན

རླུང་གིས་ཁུར་བ་བཞིན  

མེས་ཚིག་པ་བཞིན

ས་རྡུལ་གྱིས་ཟོས་པ་བཞིན

གཏོལ་མེད་དུ་གྱུར་ནའང

དུས་ཚིགས་ཀྱི་ཁ་དོག་སྔར་བཞིན་གསོན་ཉམས་ཀྱིས་ཕྱུག

      * སེ་རི་ཡའི་སྙན་ངག་པ་ཨ་ཏུའུ་ཉེ་ཟིའི་སྙན་ངག་ལས་ཁོལ་དུ་ཕྱུང་།

འཁྲུལ་འབྱམས།

རྡོ་གཅལ་ཐོག་ཏུ་ཉི་འོད་ཀྱིས་ཚིག་པའི་མེ་ཏོག་སྐམ་རོ་དག

སྐད་ཅིག་མའི་རླུང་བུས་དགུན་གྱི་གྲུ་ཁར་དེད

བདག་གི་སྒྱུ་འཕྲུལ་གྱི་བང་ཁར་བབ་པའི་རྟ་གླང

མིག་རྡེབ་དབང་ཙམ་གྱིས་མི་རྟག་པའི་ཀློང་དུ་ཟད

རང་དབང་སྒོ་ཆེན་གྱི་ལྡེ་མིག་གང་དུ་ཡོད་ཅེ་ན

ཐ་གུ་སྣ་ཚོགས་ཀྱི་འཁྱུད་བསྡམ་དགྲོལ་ནས

རྨི་ལམ་གྱི་སྒོ་ཡོལ་སྤར་འབྲད་ཀྱིས་སིལ་བུར་བྱས་ནའོ

འཁྱག་དར་གྱིས་གཅུན་པའི་རྣམ་རིག་གི་དབྱིབས་གཟུགས

དུས་ཚོད་ངེས་ཅན་གྱི་འཕྲོ་རིམ་འཕྲོར

འགུལ་བརྙན་སྣ་ཚོགས་སུ་མི་མཐོང་བར་ཡིབ

མཛའ་མོའི་འཐམ་འཁྱུད་ཀྱི་ཞགས་ཐག

ཆོ་མེད་པའི་སྲང་བར་ཡོངས་སུ

རྡོག་ཁྲེས་ཀྱི་མནར་གཅོད་གད་སྙིགས་བཞིན་སྤུངས

2017 12 02 

ཅོག་ཙེའི་བར་སྣང་། 

ལེ་ལོའི་བྲང་ག་ནས་སྒྱིད་ལུག་གི་སེན་རྩེ་བར

གཉིད་མི་ཁུག་པའི་ན་ཟུག་གི་གྲང་འདར་རྒྱག

ཚེ་རབས་སུ་འབར་བའི་མེ་ལྕེ་འཁྱག་པོ་དེས

ཁྱོད་དང་འུ་གཉིས

ང་དང་ཁྱོད་ཀྱི་དུས་ཚོད་ལ་མནར་གཅོད་བཏངས

སྐུད་པ་སྣ་ཚོགས་ཀྱི་དྲ་མ་ཕྱེས་ནས

མིག་ལ་མི་འཆར་བའི་སྐྱོ་སྣང་གི་མགོ་མཇུག་བར་ལག་སྙོབས་བྱས་ནའང

རྨི་ལམ་དུ་རྨིས་པ་བཞིན་སྟོང་ཧང་ཧང

ངག་ནས་མི་ཁྲོལ་བའི་སྐད་ཆ་ཤི་བོ་དག

ཆོས་ཉིད་ཀྱི་རྒས་གཉེར་གདོང་ལ་དོད་པས་གད་སྙིགས་སུ་གྱུར

ཁྱོད་དང་འགལ་བར་གྱུར་པའི་ལྐོག་གྱུར་པ་དེས

ཁྱོད་ཀྱི་ནག་ཉེས་ལ་གཟབ་ནན་མེད་པར

ཚ་ལམ་ལམ་གྱི་སྣང་བ་འཁྱག་སིབ་སིབ་ཏུ་བཅོས

འཆི་བ་ལ་མི་བཟོད་བའི་དགའ་བ་སྐྱེས་ཏེ

ཅོག་ཙེའི་སྟེང་འོག་ནས་ཤི་སྐད་འདོན་མཁན་གྱི་ལྷའི་ཕོ་ཉ་བ་དེ་དག

དོན་དམ་པར་ཤི་གསོན་གྱི་བར་སྣང་ཅི་ཙམ་བརྒལ་ཡོད་དམ

བསྐྱར་ཟློས་ཀྱི་ཉི་ཤར་དང་ཉི་ནུབ

ངོས་མི་མཉམ་པའི་འཕྲུལ་སྣང་གི་བང་རིམ་བར་ལ

ཞེན་ཆགས་ཀྱི་རང་བཞིན་ལས་མ་འདས་པར་སླེབས

བསམ་བཞིན་མ་ཡིན་པའི་འགྲོ་འོང

གློ་བུར་དུ

བུམ་ལ་ས་ལ་བརྡབ་པ་བཞིན་ཉམས་ཉེས་ཀྱི་ངོ་གདོང་ཁུར་ཏེ

བསླུ་བྲིད་ཀྱི་ལྕགས་ཀྱུ་ཉེ་སར་གཡུགས་ཀྱིན་འདི་རུ་སླེབས་དུས

དགོངས་པ་མ་ཚོམས་ཞེས་བརྗོད་སྲིད་དམ

2017 11 20 

ཇག་ལམ་གྱི་སྨུག་པ།

ལུས་ཀྱི་རྨ་ཤུན་ནང་དུ་སྤྲིན་པ་འཐིབས

ལག་ཟུང་མཉེན་པོས་རྨ་ཁ་ལ་བྱི་དོར་བརྒྱུད་རྗེས

ཁང་སྟོང་ཞིག་ཏུ་ཉི་འོད་དང་འཇམ་རླུང་རྒྱུ

ལོ་ཟླའི་ཕྱི་མིག་ཁྲོད་ཀྱི་སེམས་པ་སྤྱད་དེ

ནང་སེམས་ཀྱི་སྨུག་པ་དང

སྨུག་པས་བཏུམས་པའི་རྩ་རྒྱུས་ནང་དུ་རླུང་བུ་འདྲེན

ལོ་ཟླ་གཅིག་གི་རླུང་བུ་ཡོད་ཚད་ལ

འདྲེན་བྱེད་ཀྱི་ལྕགས་ཀྱུ་ཐེབས

གཟུགས་སུ་མ་གྲུབ་པའི་རྡུལ་འགྲོས་ཀྱི་སྣང་བ

ཆུ་སྙིམ་པ་གང་གི་བསྡུས་དོན་བཞིན

འཁྲུལ་སྣང་གི་རྨ་ཤུན་གྱོན་པའི་ཁེར་རྐྱང་པ་དེ

གློ་སྙིང་ཕྱི་རུ་བཏོན་པ་དང་ཧ་ཅང་མཚུངས

2016 4 16 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།