ཀྲུང་གོ་བོད་ཀྱི་དྲ་བ།

འབྲོང་སངས་ཀྱི་སྙན་རྩོམ་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20171218101929.jpg

འབྲོང་སངས། དངོས་མིང་ལ་སངས་རྒྱས་བཀྲ་ཤིས་ཟེར་ཞིང་། རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་རོང་ཁྱིམ་ཞིག་ཏུ་སྐྱེས། 2013ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཀན་ལྷོ་ཁུལ་བླ་བྲང་དུ་དགེ་རྒན་གྱི་བྱ་བ་བསྒྲུབས་པ་དང་། སྔ་རྗེས་སུ་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་གང་མང་བླངས་མྱོང་བར་མ་ཟད། སློབ་གཙོ་གཞོན་པའི་འགན་ཡང་འཁུར་མྱོང་། ད་ལྟ་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་དུ་རྩོམ་སྒྲིག་པའི་འགན་འཁུར་བཞིན། སྔ་ཕྱིར་གསར་འགྱུར་ལས་རིགས་སྐོར་གྱི་རྒྱལ་ཡོངས་རིམ་པ་དང་ཞིེང་ཆེན་རིམ་པའི་བྱ་དགའ་དུ་མ་བླངས་མྱོང་།


དྲན་པའི་གཞས་ཆུང་།

འབྲས་ལྡན་ལོ་མའི་དུས་ལ།།

གྱི་ཐང་ཤར་རིའི་གྲོང་ནས།།

སྙིང་སྡུག་བུ་མོ་ཞིག་དང་།།

འཕྲད་པའི་ལས་བསྐལ་ལྡན་སོང་།།


ཕར་ལ་མིག་མདའ་འཕངས་པས།།

ཚུར་ལ་འཛུམ་ཆུང་གནང་བྱུང་།།

སྙིང་གཏམ་ཚིག་གསུམ་ལབ་པས།།

ཡ་ཆུང་སྨུག་སྤྲིན་འདྲིས་སོང་།།


བརྩེ་བ་མཚོ་ཡིན་ཟེར་ན།།

མཚོ་མོའི་རླབས་རིས་ང་ཡིན།།

དུངས་བ་གངས་ཡིན་ཟེར་ན།།

གངས་རིའི་དར་ཁ་ང་ཡིན།།


རང་སེམས་མཐུན་པའི་དགའ་མ།།

ང་ཡི་སྙིང་ལ་བརྐོས་ཡོད།།

ཁྱོད་ཀྱི་བདག་པོ་ང་ཡིན།།

ང་ཡི་སེམས་རྟེན་ཁྱོད་ཡིན།།


རི་ཀླུང་ལྷགས་པས་བསྡམས་སོང་།།

སེམས་ལ་ཁ་བ་བབས་སོང་།།

མདང་ནུབ་བྱམས་པ་ཕེབས་པས།།

ཟླ་བ་ཉི་མར་འཁྲུལ་སོང་།།

2017.12.12

རྨ་ཆུའི་རབ་ཁ་དང་དྲན་པ་རབ་རིབ།

---ཆུང་འདྲིས་ལ་ཕུལ་བ།

གནས་འདི་རུ།

འུ་གཉིས་ཀྱི་ལས་འཕྲོ་གྲམ་པ་བཞིན་ལུས་ཡོད་པ་ཁྱོད་ཀྱིས་བརྗེད་ག་ལ་སྲིད།


རང་དབང་གི་སྣང་བ་རྒྱ་ཡན་དུ་ཤོར་བའི་ལོ་ཟླ་དེ་ཚོར།

རྨ་ཆུའི་རབ་ཁ་འདི་ནི།

སུས་ཀྱང་མི་ཤེས་པའི་གསང་གནས་ཤིག་སྟེ།

འུ་གཉིས་ཀྱི་ཐོག་མའི་བརྩེ་དུང་གི་སྒྲུབ་སྦྱོང་བྱེད་ས་ཡིན།


སྐབས་དེ་དག་ཏུ།

འུ་གཉིས་ཀྱི་སྣང་བའི་ཁྱེའུ་ནི།

ཉ་མོ་བཞིན་རྨ་ཆུའི་གཏིང་དུ་འཁྱུགས།

ངང་མོ་བཞིན་རྨ་ཆུའི་མཁའ་རུ་འཕུར།

མེ་ཏོག་བཞིན་རྨ་ཆུའི་འགྲམ་ནས་བཞད་པ་ཐེངས་གཅིག་ག་ལ་ཡིན།


དེ་རིང་ང་སྔར་བཞིན་རྨ་ཆུའི་རབ་ཁར་ཐོན་ཡོད།

རྨ་ཆུའི་རབ་ཁར་ཐོན་ནས།

ངས་དེ་རིང་ཁྱོད་ཀྱི་རྒྱབ་གཟུགས་དང་རྐང་རྗེས་འཚོལ་བཞིན་ཡོད།

ངས་དེ་རིང་ཁྱོད་ཀྱི་སེམས་གཏམ་དང་དགོད་སྒྲ་འཚོལ་བཞིན་ཡོད།

ངས་དེ་རིང་ཁྱོད་ཀྱི་ཁ་རླངས་དང་ཤ་དྲོད་འཚོལ་བཞིན་ཡོད།


འོན་ཀྱང་།

ན་ནིང་རྨ་ཆུ་བྲུག་ཆེ་བས།

ངེད་གཉིས་ཀྱི་ཞོན་རྟར་རློམ་པའི་རྨ་འགྲམ་གྱི་ཕ་བོང་དེ།

རྨ་ཆུས་གང་ཞིག་ཏུ་འཁུར་སོང་ལ།

ངེད་གཉིས་ཀྱི་མལ་སར་རློམ་པའི་རྨ་འགྲམ་གྱི་སྤང་ཁུགས་དྲོན་མོ་དེའང་།

བྱེ་ཟེགས་ཀྱིས་ཡོངས་སུ་མནན་འདུག


ད་ནི། ངེད་གཉིས་ཀྱི་མགོ་སྦྲ་སྒོ་ཟོག་ཐམས་ཅད་ཀྱང་།

རྨ་ཆུས་ཁྱུར་མུད་བཏང་སོང་བའི་འཕྲུལ་སྣང་རབ་རིབ་སྐྱེས།


དེ་རིང་། ང་གཅིག་པུ་རྨ་འགྲམ་དུ་ཡོང་དོན་ཅི་ཡིན་ནམ།

སུ་ཞིག་གིས་ངའི་བླ་བཀུག་པ་ནི།

མཚན་མོར་སྔང་ལོག་བྱེད་པ་དང་ཀུན་ནས་མཚུངས་ཨང་།


ཧར་གྱིས་སད་དུས།

ཡོད་ཚད་སྟོང་བའི་ན་ཟུག་དེའང་།

ང་གཅིག་པུའི་མྱོང་སྐལ་དུ་གྱུར་པ་ཁྱོད་ཀྱིས་ག་ལ་ཚོར།


གནས་འདི་རུ།

ཁྱོད་ཀྱི་དགོད་སྒྲ་ཐག་ཐག་ཐོས་ཐུབ་ཚེ།

རྨ་ཆུའི་རླབས་རྒྱུན་མེ་ཏོག་ཡིན།

གནས་འདི་རུ།

ཁྱོད་ཀྱི་མཆུ་སྒྲོས་པདྨོར་འོ་ཞིག་བྱེད་ཐུབ་ཚེ།

རྨ་ཆུའི་ཆུ་རྩ་དྲོན་མོ་ཡིན།


དེ་རིང་། ངས་རྒྱང་རིང་ནས།

འུ་གཉིས་ཀྱི་རྩེད་ར་ལྟ་བུའི་རྨ་ཆུའི་རབ་ཁ་མཐོང་དུས།

ཅི་ཞིག་རྙེད་བྱུང་བའི་སྤྲོ་སྣང་རབ་ཏུ་འཕེལ།

དེ་རིང་། ང་རྨ་ཆུའི་རབ་ཁར་སླེབས་དུས།

ཅི་ཞིག་བོར་སོང་བའི་གདུང་བ་ཧ་ཅང་ལྕི།

2017.1.17 

ངའི་སེམས་གཏམ།

དགུན་གསུམ་གྱི་གྲང་རླུང་དལ་བུར་ལྡང་ཚེ། ངའི་སེམས་ལ་ཁ་བ་བབས་བྱུང་། གཉེན་ཉེ་མེད་པའི་ཡུལ་གཞན་འདི་ནས་ངས་མཚན་མོའི་ཟླ་འོད་ལ་ཕ་མ་དྲན་པའི་སྐྱོ་གླུ་བླངས།

གནས་འདི་རུ། ཁོ་བོས་ལྷག་བསམ་ནི་རིན་ཐང་བྲལ་བ་ཤེས་བྱུང་ལ། དྲང་བདེན་ལ་རྒྱབ་བརྟེན་མེད་པའང་གཞི་ནས་རྟོགས་སོང་། གནས་འདི་རུ། ཁོ་བོས་སེམས་དང་སེམས་པའི་དབར་གྱི་འདང་བརྩེ་རྣལ་མ་དེ་མཐོང་མྱོང་ལ། གཡོ་སྒྱུའི་འཛུམ་དཀར་དང་ཕན་གཏམ་གྱི་ཁ་རྒྱན་སྤྲས་པའི་བདུད་རྒན་ཡང་མཐོང་མྱོང་།

འཚོ་བ་ནི་རྙོག་འཛིང་རེད།   ལམ་བུ་ནི་ཀྱག་ཀྱོག་རེད།  ཡིན་ནའང་ངས་དག་གཙང་གི་ཕུགས་བསམ་དང་རེ་སྙེག་ཅིག་སྙིང་ལ་སྒོམ་བཞིན་པ་ནི་གྲུབ་འབྲས་ལེགས་པོ་ཞིག་གི་ཆེད་དུ་འགྱོད་གདུང་མེད་པར་ལམ་ལ་ཆས་འདོད་པས་ཡིན། ཁ་བཤད་ནི་སྐྱག་རྫུན་རེད།  ལག་ལེན་ནི་སྙིང་བོ་རེད།  དཀན་ཅོག་གི་གནང་བའི་ཐོབ་སྣོད་འདི་ཡང་ནས་ཡང་དུ་འཐོབ་པར་དཀའ་བས་ན།  ལུག་རྫི་བཞིན་མི་བུ་དག་གི་གམ་དུ་བཅར་བའང་མཐར་གཏུག་ན་མི་ཚེ་འདིར་འཚོ་བར་དོན་སྙིང་གིས་དབུལ་བར་དངངས་པ་ཡིན།

ས་ཆ་འདི་ནས་སྐྱུགས་བྲོ་བའི་དོན་དག་རེ་རེ་དང་།  ངུ་སྐྱེན་པའི་དོན་དག་རེ་འགས། ངའི་འཁོར་བར་འཇབ་རྒོལ་བྱས་ཀྱང་།  ང་མི་སྐྲག  ང་དཔའ་མི་ཞུམ། ང་སྐྲག་ས་ནི་རྒྱུ་འབྲས་དང་དྲང་བདེན་གྱིས་དབུལ་བའི་མིང་བྱང་དེ་ཡིན།  གང་ལྟར་དོན་ཆེན་ལེགས་ཉེས་གང་བྱུང་ཡང་། ངའི་ཚེ་སྲོག་གི་མེ་ལྕེ་འབར་བའི་མགོ་བོ་འདི་ནམ་ཡང་སྒུར་ག་ལ་སྲིད་དེ།  མི་སྲིད་དོ།། 

2016.1.10

སེམས་ཞུན།

---སློབ་དཔོན་ལ་ཕུལ་བ།

སྟབས་བདེ་བབ་ཆགས་ཀྱི་ལྭ་བ།

ཞི་དུལ་གཤིས་འཇམ་གྱི་ཀུན་སྤྱོད།

ཁེངས་སྐྱོང་མངོན་ཆུང་གི་རྣམ་པ་དེ་མཐོང་ཚེ།

སློབ་བུ་དག་གིས་རང་ཤུགས་ཀྱིས་ཁྱེད་ལ་གུས་འདུད་ཞུ་སྲིད།


སློབ་མ་ཚོའ་མིག་ཟུང་དྭངས་མོ་དང་།

ལྷད་མེད་ཀྱི་འཛུམ་མདངས་མཐོང་ཚེ།

ཁྱེད་ཀྱི་སེམས་ལ་དགའ་བ་དང་སྤོབས་པ་ཅིག་ཅེར་སྐྱེས་བཞིན།

དུས་ཡུན་སྐར་མ་བཞི་བཅུ་ནི་སྐད་ཅིག་ཙམ་ལ་འདས་འགྲོ།


ཁྱེད་ཀྱི་བྱམས་བརྩེའི་མིག་མདངས་དང་།

སྙིང་ཉེ་བའི་གཟེངས་བསྟོད་ཀྱིས།

སློབ་བུ་དག་གི་བདེ་ཐང་གི་འཚར་ལོངས་ལ་ཡར་སྐུལ་ཐེབས་ཤིང་།

ཁྱེད་ཀྱི་སུན་སྣང་མེད་པའི་སློབ་གསོ་དང་།

ཀུན་སློང་གཙང་མའི་སྐྱོན་བརྗོད་ཀྱིས།

སློབ་བུ་ཚོའི་མག་མོག་གི་འཇིག་རྟེན་ལ་འོད་སྣང་སྦྱིན།


རེད་ཡ།  ལས་བྱ་འབྲི་དེབ་སྟེང་གི་དམར་ཐིག་རེ་རེ་ནི།

ཁྱེད་ཀྱི་སེམས་ཁོང་ལས་བརྡོལ་བའི་ཁྲག་ཐིག་རེ་རེ་ཡིན་ལ།

སློབ་བུ་དག་གི་རྒྱུགས་འབྲས་བཟང་བོ་ཡིས།

ད་གཟོད་ཁྱེད་ཀྱི་གདོང་ལ་འཛུམ་མདངས་ལྷུག་པོར་དཀྲོལ་ཐུབ།


སློབ་དཔོན་ལགས།  ཐུགས་རྗེ་ཆེ།

ཁྱེད་ནི་ཤེས་རིག་གི་བདེ་སྐྱིད་སྐྲུན་མཁན་ལགས།

སློབ་མ་དང་སྒོ་སམ།  ས་སྨྱུག  དཔེ་ཆ།

ལས་བྱ་དང་འགྲོགས་པའི་ལོ་ཟླའི་ཁྲོད།

ཁྱེད་ཀྱི་སེམས་ལ་བདེ་སྐྱིད་ཀྱི་སྣང་བས་ཁེངས་ཡོད་ཨང་།


སྙིང་ཉེ་བའི་དགེ་རྒན་ལགས།

ཁྱེད་ནི་ཅོལ་ཆུང་ངའི་སེམས་པའི་གཏིང་རུམ་ན་གནས་པའི།

ནམ་ཡང་ནུབ་པ་མེད་པའི་ཉི་མ་དེ་ལགས་པས།

ཁོ་བོས་མི་ཚེ་འདི་ཡི་ཁ་ཕྱོགས་ལ་དམིགས་པ་གཏད་དེ།

ཕུགས་བསམ་ལ་ཁ་ལོ་བསྒྱུར་ཆོག

2015.9.10

གནམ་གཤིས་དེས།

ཁ་སང་།  ཁོས་དམ་བཅའ་ཞིག་འཁུར་ཏེ། 

རྒྱང་རིང་གི་འཇིག་རྟེན་ཞིག་ལ་གྲེ་ཁ་གཏད།


དེ་རིང་།  ཞོགས་པ་འདིའི་དྲག་ཆར་གྱི་རྗེས་སུ།

ཁོས་གོམ་པའི་འདེགས་འཇོག

ཕྱོགས་ངེས་མེད་དུ་སྤོ་བཞིན་པ་གཞི་ནས་རྟོགས།


སྨུག་སྤྲིན་གྱིས་བཏུམས་པའི་དེ་རིང་། 

ཉི་མ་ནི།

ཤར་ཕྱོགས་ཀྱི་རི་རྩེ་ན་ཡོད་ཚོད་ཡིན་པས།

ཁོས་སེམས་ཀྱི་ལག་པ་བསྲིངས་ཏེ།

ཐེངས་འགར་ལག་སྙོབ་བྱས་ཀྱང་།

གནམ་གཤིས་དེའི་དབང་གིས།

ཁོ་སྔར་བཞིན་གྲང་འདར་རྒྱག་བཞིན་ལུས།                                                     

2015ལོའི་ཟླ་ཚེས་བཟང་བོར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།