དང་པོ། རྒྱབ་ལྗོངས།
ཁྱེད་རང་མེ་ཏོག་དང་བསྡེབས་ནས་སྐྱེས་པ་ནས།
སྒོ་ག་གེ་མོ་ཞིག་རང་གི་ཕུགས་བསམ་གྱིས་ཕྱེ་རྗེས།
གྲགས་འགུལ་ཅི་ཡང་མེད་པར།
ད་དུང་ཡང་། གཏམ་རྒྱུད་ཅིག་འབྲི་བར་བྲེལ།
དུས་དེ་ནས་བཟུང་། ཁྱེད་ཀྱིས།
མགུར་གླུའི་ས་བོན་རེ་རེའི་བྲོ་བ་རྙེད།
ཁྱེད་རང་གཙང་ཆུ་དང་བསྡེབས་ནས་བཞུར་བ་ནས།
སེམས་ཆུང་ངང་འཚོས་པའི་སྒོ་དེ་སེམས་ཆུང་གིས་ཕྱེ་རྗེས།
སེམས་ཚེགས་ཀྱི་ཐ་སྙད་མུ་ཏིག་བཞིན་ཐོར།
དེ་དང་བསྡོངས་ནས།
སྒོ་དེའི་ལྡེ་མིག་ནམ་ཞིག་བོར་འགྲོ་བའི་དངངས་སྐྲག་སྐྱེས།
དུས་དེ་ནས་བཟུང་།
མགུར་གླུའི་ས་བོན་རེ་རེ་ལ་གཤོག་པ་ཐོགས།
ཁྱེད་རང་ཆུ་འཛིན་དང་བསྡེབས་ནམ་མཁར་རྒྱུ་བ་ནས།
རྫུ་འཕྲུལ་ལྟ་བུའི་སྒོ་དེ་ཕྱེ།
སྒོ་དེ་ནི་རྩོད་གཞི་ཆེ་བའི་མེ་ཏོག་ལྡུམ་ར་ཞིག་ཏུ་གྱུར།
དེ་དང་བསྡོངས།
མེ་ཏོག་ཁག་ཅིག་གི་སྐྱེ་སྟོབས་ལ་སྨོན་ལམ་བཏབ།
དུས་དེ་ནས་བཟུང་།
མགུར་གླུའི་ས་བོན་རེ་རེ་ནམ་མཁར་འཕུར།
ཁྱེད་རང་འབྲུག་སྒྲ་དང་བསྡེབས་ནས་གྲགས་ཤིང་།
རྨི་ལམ་ལྟ་བུའི་སྒོ་དེ་ཕྱེ་རྗེས།
གནས་ལུགས་ཀྱིས་བསྐྲུན་པའི་བདེན་དོན་ལ།
གཡས་གཡོན་གྱི་མི་ཡིས་ཡིད་རྟོན་མི་འཆའ་ཕྱིར།
བབ་ཅོལ་ཚིག་གི་ཐོ་བས།
སྡེ་མཐར་སྤྱུགས།
དེ་དང་བསྡོངས།
འཇིག་རྟེན་གྱི་ཆོ་འཕྲུལ་ནི་དགོད་སླ་ལ་ངུ་སྐྱེན་པ་ཞིག་ཏུ་མཐོང་།
དུས་དེ་ནས་བཟུང་།
མགུར་གླུའི་ས་བོན་རེ་རེར་བྱམས་པའི་སེམས་སུ་བབས།
གཉིས་པ། དྲིན་གཟོའི་གླུ
ཁྱེད་ཀྱིས། འཇའ་ཚོན་ལྟ་བུའི་མེ་ཏོག་གི་ཚོགས་ལ།
རྨི་ལམ་གྱི་ས་བོན་བཏབ་མྱོང་ཕྱིར།
ལོ་རྒྱུས་ཀྱི་མེ་ཏོག་ལ་གསེར་གྱི་བུང་བ་དེ་བསུས་མྱོང་ཕྱིར།
མི་རབས་ཤིག་གི་རྡོག་ལམ་ཆེད་དུ་ན་ཟུག་ཇི་སྙེད་ཅིག་ལུས་སུ་གྱོན་མྱོང་ཕྱིར།
དུས་རབས་ཉེར་གཅིག་པའི་སྨྱུག་ཐོགས་པ་ཞིག་གིས།
ཁྱེད་ལ་མཆོད་ཆང་འདྲེན།
ལུས་ཀྱིས་བཀུར་མྱོང་བའི་ཡིད་སྨོན་གྱི་མཆོད་ཆང་འདི་ཁྱེད་ལ་འབུལ།
ངག་གིས་བཀུག་མྱོང་བའི་དབྱངས་རྟའི་མཆོད་ཆང་འདི་ཁྱེད་ལ་འབུལ།
ཡིད་ཀྱིས་བཀྱགས་མྱོང་བའི་ཉིན་ཐོའི་མཆོད་ཆང་འདི་ཁྱེད་ལ་འབུལ།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།
གསུམ་པ། དྲན་གདུང་།
རྒྱལ་བ་ཁྱེད་ཀྱིས།
སུས་ཀྱང་བཤད་མྱོང་མེད་པའི་མགུར་གླུ་རིང་མོ་ཞིག་བརྩམས་མྱོང་ཕྱིར།
ངག་རྒྱུན་གང་རུང་ཞིག་ཏུ་གྲགས་མྱོང་མེད་པའི་ཞབས་རྗེས་ཤིག་བཀོད་ཡོད་ཕྱིར།
མི་རེ་རེ་ལ་དབྱངས་རྟ་སྙན་མོ་ཞིག་སྐྱེས་སུ་བཏེགས་ཡོད་ཕྱིར།
རྒྱལ་བ་ཁྱེད་རང་།
གནས་འདིའི་མི་རྣམས་ལ་བཀའ་དྲིན་ཅི་འདྲའི་ཆེ་ཨང་།
མགུར་གླུ་ཤོ་ལོ་ཀ་རེ་རེ་ངག་ཏུ་དྲངས་པའི་སྐབས་དང་།
ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེར་མཇལ་བའི་དུས་སུ།
ངས་ཁྱེད་ཉིད་ཧ་ཅང་དྲན་ཨང་།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།
བཞི་པ། ལི་ཐང་ན་ཁྱེད་ལ་ཅི་ཞིག་ཡོད།
དུས་དེར། ལི་ཐང་གི་ཞལ་ངོར།
ཇི་ལྟ་བུའི་དཀར་ཆག་ཤར་འདུག
ཛ་དྲག་གི་ཆུ་བོ་གྱེན་དུ་བཞུར་བཞིན་ཡོད་དམ།
ལྐོག་མིག་གི་མདའ་མོ་སྔར་ལྟར་རྣོ་འམ།
འཁྱོགས་ཟོལ་གྱི་ལམ་དེ་སྔར་ལྟར་གྱ་གྱུ་ལྡན་ནམ།
སྐབས་དེ་ལྟ་བུ་ཞིག་ལ།
ཁྱེད་ཀྱིས།
ལི་ཐང་གི་ནམ་ཟླ་གོས་སུ་གྱོན་ཏེ།
མཁའ་དབུགས་ག་གེ་མོ་ཞིག་རྔུབ་བཞིན།
སེམས་ཀྱི་གདུང་བ་གང་རུང་བསྲན་ནས།
བྱ་དེ་ཁྲུང་ཁྲུང་དཀར་པོ།
ང་ལ་གཤོག་རྩལ་གཡོར་དང་།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།
ཞེས་པའི་མགུར་གླུ་སྙན་མོ་དེ།
ལི་ཐང་གི་ལྗོངས་ནས་བརྩམས་ཤིང་།
ལི་ཐང་གི་དཀར་ཆག་ཏུ་བཀོད།
དེ་ལྟ་ནའང་།
གྲིབ་མ་ཞིག་གིས།
ཁྱེད་ཀྱི་རང་དབང་གི་ཕུགས་བསམ་ལ།
ཡང་ཡང་མནར་གཅོད་གཏོང་།
ཡང་ཡང་གཏོང་།