ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཨ་རྡོར་གྱི་སྙན་རྩོམ་འོས་སྦྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་ཨ་རྡོར།   སྤེལ་དུས། : 2017-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐྱ་མདོག་གི་ཤུལ་ལམ།

གནའ་མི་བོད་ཀྱི་གཏམ་དཔེ་ལ།། ལྷོ་སྤྲིན་མཐའ་རུ་མ་གསལ་ན།། ཉི་ཟླའི་འོད་སྣང་མི་འཆར་རོ།། ཉི་ཟླའི་འོད་སྣང་མ་ཤར་ན།། དོག་མོའི་ས་ཆུ་མི་དྲོས་སོ།། དོག་མོའི་ས་ཆུ་མ་དྲོས་ན།། འདབ་ལྡན་ལྕུག་ཕྲན་མི་རྒྱས་སོ།། འདབ་ལྡན་ལྕུག་ཕྲན་མ་རྒྱས་ན།། སྐྱེ་འགྲོའི་འདོད་པ་མི་བསྐོང་ངོ།། འདོད་པའི་སེམས་རྒྱུད་མ་བཀང་ན།། དབང་དང་བཙན་པོའི་རིགས་དབྱེ་དང་།། ཆུང་དང་གཉོམ་པོའི་རིགས་ལ་འཚེ།།གཏམ་དང་སྤྱོད་པའི་མ་རབས་ལུགས།། གཡོ་དང་ཕྲ་མའི་རྫུན་པོ་དང་།། ཆར་ཤུལ་ཤ་མོ་བརྡོལ་བའི་ཚུལ།། བློ་དང་མཆིན་པའི་བར་གསེང་ནས།། སྙིང་དང་ཁོག་པའི་ནང་ཁྲོལ་དུ།། རིགས་དང་རུས་པའི་རྒྱུད་ཚོར་དུས།། ཆོས་དང་དད་གུས་རྒྱུ་འབྲས་དང་།། དྲིན་དང་བརྩེ་བའི་རྒྱུད་དྭངས་མ།། ཉིན་གྱི་ཟླ་བའི་ཚུལ་འཛིན་པ།། ཡར་ཀླུང་གཙང་ཆབ་དྭངས་མོའི་རྒྱུད།། ཁམས་གསུམ་ཁ་བ་ཅན་གྱི་རིགས།། སྔོན་ཆགས་ཆོས་རྒྱལ་བཙན་པོའི་དུས།། ཆོས་ཁྲིམས་སྲིད་ཁྲིམས་བཀའ་ཁྲིམས་དང་།། མི་ཆོས་གཙང་མ་བཅུ་དྲུག་དང་།། དགེ་བཅུའི་ལྷ་ཆོས་དར་བ་དང་།། ཤེས་བྱའི་ཡོན་ཏན་དབང་རྫོགས་པའི།། མཁས་དང་ལོ་པན་ལོ་ཙྰ་བ།། རྒྱུ་སྐར་བཀྲ་བའི་ཚོགས་སུ་སྨིན།། གསུམ་གཉིས་དཀྱིལ་འཁོར་དབང་སྒྱུར་བ།། ཕྱི་སྐོར་ལྷོ་ཡི་འཛམ་བུ་གླིང་།། ནང་སྐོར་སྤུ་རྒྱལ་བོད་ཀྱི་ཡུལ།། རི་བཞི་ས་བཅད་མཚམས་ཡུལ་སྨད།། ཡུལ་སྨོན་གཡང་བབས་དབུས་ཀྱི་མཐིལ།། རི་བོ་མཐོན་པོ་ཧས་པོ་ཤར།། ཆུ་བོ་ལོ་ཧུ་ཏ་ཡི་བྱང་།། དཔལ་ལྡན་གཙུག་ལག་ལྷ་ས་རུ།། སངས་རྒྱས་དངོས་གཅིག་བཞུགས་པ་ནི།། མཚན་ཡང་སྲོང་བཙན་སྒམ་པོར་སྨྲ།། ཐོས་ཙམ་མོས་གུས་ཡིད་སྨོན་འཆོར།། མཐོང་ཙམ་ཞལ་ཀྱལ་སྒྲིབ་པ་བྱང་།། སྙན་པ་རྒྱ་གར་ཡུལ་ན་སྒྲོག། ར་སའི་རྒྱལ་པོ་ཤིང་རྟ་ཅན།། ཐལ་མོ་སྦྱར་ཏེ་སཏྭ་བརྗོད།། ཆེ་བའི་ཡོན་ཏན་ཀུན་ཁྱབ་པ།། རྒྱ་ནག་རྒྱལ་བོའི་བུ་གར་འཐིམས།། ཕྱོགས་སུ་ཞལ་གཟིགས་འདུད་པ་མཛད།། མི་ཉག་རྩ་མིའི་རྒྱལ་པོ་ཡང་།། མཚན་ཐོས་རྐྱང་ཕྱག་འཚལ་བར་རྩོམ།། མཚན་བརྗོད་མཁན་ལ་བྱ་དགའ་བྱེད།། གེ་སར་དམག་གི་རྒྱལ་བོས་ཀྱང་།། མཚན་ཐོས་ཙམ་གྱི་མོས་གུས་བྱེད།། ཞབས་དྲུང་སྐྱེ་བར་སྨོན་ལམ་འདེབས།། འདི་བཞིན་མགར་གྱི་སྐྱོ་མགུར་དྲངས།། འདི་ནི་བཙན་པོའི་བྱིན་རླབས་དང་།། ཁ་བ་ཅན་གྱི་བསོད་ནམས་རེད།། འདི་ལ་བཙན་པོའི་རྒྱལ་རབས་ཟེར།། དེའི་རྗེས་རྒྱལ་རབས་སིལ་བུར་ཐོར།། གནའ་མི་བོད་ཀྱི་ཁ་རྒྱུན་ལ།། ལུང་རེ་ཆུ་སྣ་མི་གཅིག་པ།། ས་ཁག་རེ་ལ་དཔོན་ཆེན་རེ།། ལུང་ཕྲན་གཅིག་ལ་ཤིང་སྣ་བརྒྱ།། ཤིང་སྣ་གཅིག་ལ་རྩེ་མོ་སྟོང་།། འདྲ་དང་མཚུངས་བའི་ངང་ཚུལ་འདིའི།། མི་ལོ་ཆིག་སྟོང་ལྔ་བརྒྱ་འགོར།། དེ་དུས་ཅིན་དབྱིན་ཁྱི་སྤྱང་རིགས།། གངས་རིའི་ལྗོངས་སུ་་གཤེགས་འདོད་ནས།། གོ་མཚོན་དཔོན་ཆེན་དབང་བྱེད་དེ།། གསོད་གཅོད་འཕྲོག་གསུམ་ཧུར་ལངས་བ།། སངས་རྒྱས་བསྟན་པའི་འཕེལ་འགྲིབ་དང་།། སྐྱེ་ཆེན་དམ་པའི་བར་གཅོད་གཉིས།། བོད་མི་བྱེ་དྲུག་མིག་ཆུ་གསུམ།། བསྟན་དང་གསུང་རབས་གླེགས་བམ་རིག།། རིན་ཆེན་རྣམ་གསུམ་མེ་བསྲེག་བཞི།། ཆུང་བོད་པ་ཚང་གི་སྐྱིད་སྡུག་དང་།། གཙོ་འགྲོ་དྲུག་ཀུན་གྱི་ཆགས་འཇིག་ལགས།།

དགའ་སྐྱོ་ཟུང་གི་མཆིད། 

སེམས་པ་མེ་ཏོག་གི་འདབ་ཅན་ལ། ། དད་གུས་དལ་འགྲོ་ནི་རྒྱུན་བཟང་གིས། ། ཡང་ཡང་དངོས་གྲུབ་ནི་ཆེར་སྩལ་ཡང་། ། རྣམ་གཡེང་སེར་བས་ནི་དབང་མེད་བཅོམ། ། བཅོམ་པའི་མེ་ཏོག་གི་ཟེའུ་འབྲུ་ལ། ། ཉུང་ཉུང་ཡུན་ཙམ་ནི་འཁྱོངས་ཙ་ན། ། ཆུ་ཐིགས་ཟེགས་མས་ནི་རྒྱ་མཚོ་བཞིན། །  དགེ་སེམས་མྱུ་གུ་ཡི་སྐུ་ལུས་ལ། །  ལུང་རིགས་མཛེས་མ་ཡི་འཛུམ་བག་གིས་། ། ཡང་ཡང་སྤྲོ་དགའ་ནི་བསྐྱངས་ཀྱང་། ། དཀོར་གཟན་འོད་ཆགས་ཀྱི་བ་མོས་ཁྱེར། ། ཁྱེར་བའི་ཞ་ལུ་ཡི་མདངས་ཅན་གང་། ། མུན་པར་མ་བསམ་དང་རུམ་ཏུ་ཆུག ། གསེར་ས་འོག་སྦས་ཀྱང་འོད་འཕྲོད་འགྱུར། ། དད་གུས་ཅང་ཤེས་ཀྱི་རྟ་ཕོ་ལ། །  ཡོན་ཏན་གསེར་ཐང་གི་ཚོམས་ཆེན་གྱིས། ། ཡང་ཡང་བང་ཁ་ནི་འགྲན་ཀྱང་། ། ལོག་རྟོག་ལྕགས་སྒྲོག་གྱི་རྒྱུ་རུ་ཚུད། ། ཚུད་པའི་ངང་ཚུལ་ནི་དྲན་གྱུར་ན། ། སྐྱབས་གསུམ་སླུད་མེད་ནི་དཀོན་མཆོག་དྲན། ། ཚུལ་ཁྲིམས་ནོར་འཛིན་གྱི་བང་མཛོད་ལ། ། ལེགས་བཤད་གསེར་དངུལ་གྱི་ནོར་བུས། ། ཡང་ཡང་ཆུ་གཏེར་བཞིན་བཀང་ཡང་། བག་མེད་ཇག་རྐུན་གྱི་ལག་ཏུ་ཕམ། ། ཕམ་པ་གང་ཞིག་ནི་ཡིད་ཤར་ན། ། ཏིང་འཛིན་བསམ་གཏན་ནི་སྒོམ་པ་དྲན། །  བརྩོན་འགྲུས་ཉ་གང་གི་མཚོར་སྐྱེས་ལ། ། ཐོས་བསམ་ལྷ་ལམ་ནི་རྒྱུ་སྐར་གྱིས། ། ཡང་ཡང་ཀུན་གསལ་ཏུ་འཛུམ་ཡང་། ། སྙོམ་ལས་གཟའ་སྐར་ཀྱི་དུས་ཀྱིས་ཟིན། ། ཟིན་པའི་གཟའ་སྐར་ནི་དུས་ཤིག་ན། ། ལེ་ལོ་འདབ་མ་ཡིས་བཅིངས་པ་གང་། ། བརྩོན་པ་ཤིང་རྟ་ནི་མེད་རྟགས་ཡིན། ། བདེན་གཏམ་མེ་ལྕེ་གྱི་འཛམ་བུ་ལ། ། དམ་ཆོས་ཚ་ཟེར་གྱི་ཟླ་བོ་ཡིས། ། ཡང་ཡང་དྲོད་བ་ནི་འཁྱིལ་ཡང་། ། རྫུན་ཚིག་བསིལ་ཟེར་གྱི་གཡོ་ཡིས་བསད། ། བསད་པ་ཕྲ་མའི་སྒྱུ་འཕྲུལ་ཅན། ། ལུང་ཀའི་ཕུ་ཐག་ནི་ཡུན་གྱིས་བལྟ། ། ཐུགས་བཀྲ་རྣམ་དཔྱོད་ཡི་བུམ་བཟང་ལ། ། ལེགས་བཤད་འོ་མ་ཡི་བདུད་རྩི་ནི། ། ཡང་ཡང་ཅི་འདོད་ནི་བརླུགས་ཀྱང་། ། ལོག་རྟོག་མེ་ཤུགས་ཀྱི་ཐོ་བས་བཅོམ། ། བཅོམ་པ་ཤུགས་དྲག་གི་སྟོབས་ཅན་གང་། ། དབྱར་རྔའི་ལྡིར་སྒྲ་ནི་ཆེ་བ་གང་། ། ཚོན་ལྡན་འཇའ་ལུས་ནི་སྐད་ཅིག་བཞིན། ། རྩལ་ཆེན་གསེར་མིག་གྱི་ཉ་མོ་ལ། ། བཤེས་གཉེན་འདབ་ལྡན་གྱི་མཁས་མང་གིས། ཡང་ཡང་གསུང་མགུར་ནི་སྟེར་ཀྱང་། ། ཆགས་སྡང་རྣམ་ལྕགས་ཀྱི་ཐོ་བས་ཟིན། ། འདོད་ཆུང་བྲག་རི་ཡི་གཡང་གཟར་ལ། ། ཆོག་ཤེས་སྤང་ཐང་གི་གཤིས་བཟང་གིས། ། ཡང་ཡང་ཁྲ་ཚོམ་ནི་བརྒྱན་ཀྱང་། ། ཞེན་ཆགས་འདབ་སྐྱོད་ཀྱི་བློ་ཡིས་བཟུང་། ། ཞི་དུལ་ལྷོད་གཡང་གི་རི་དྭགས་གང་། ། འདུལ་ཁྲིམས་ལྕགས་མཁར་གྱི་ར་བ་ནས། ། ཡང་ཡང་བག་མེད་དུ་རྩེ་ཀྱང་། ཟླ་ངན་གཅན་གཟན་གྱི་ཁ་ཡིས་བཟས། ། ཁྲེལ་ཡོད་དུང་དཀར་གཡས་འཁྱིལ་ལ། ། དྲན་འཛིན་དར་དཀར་གྱི་ཨ་ལོང་གིས། ། ཡང་ཡང་གཟབ་མཆོར་ནི་སྤུས་ཀྱང་། ། ལོག་སྤྱོད་དུག་ཅན་གྱི་མདའ་མོ་ཕོག ། མར་དྲི་བཅུད་ལྡན་གྱི་མགྲིན་པ་ལ། ། ཙན་དན་འོད་དཀར་གྱི་རོ་མངར་ལས། ། ཡང་ཡང་རོ་བརྒྱ་ནི་འཐུལ་ཀྱང་། ། དྲི་ཅན་འཁོར་ལོའི་དུག་གིས་བཟུང་། ། བཟུང་བ་ཐ་དག་ཡལ་གྱུར་དང་། ། དྲི་མ་དག་ཅིང་དྭངས་པ་དང་། ། དྲི་བཟང་སྤོས་ངད་ཐལ་ཐུལ་ངང་། ། དྲི་མའི་སྣོད་གང་འདག་གྱུར་ཤོག དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། དྲི་མའི་བོང་བ་ཚོགས་ཀུན་བཏུལ། ། དྲི་ལྡན་ཁམས་གང་ཡ་ལ་ལ། ། དྲི་བཟང་རྩམ་དྲི་ཁོ་རོ་རོ། ། རོ་བཅུད་མངར་མོ་ཐུ་ལུ་ལུ། ། ལུ་གུའི་རྒྱུད་དུ་ཕྲེང་བསྟར་འགྲན། ། འགྲན་པ་དུང་གི་སྙིང་གཏམ་ཅན། ། ཁུ་བྱུག་གྲེ་འགྱུར་ས་ལ་་ལ། ། སྨྲ་བ་གཏམ་འདི་སྙིང་གི་ཚིག མཁོ་བ་གར་ཡང་མ་ངེས་ལ། ། གཅམ་བུའི་གཏམ་གྱིས་བཀང་ལེགས་པས། ། ཅུང་ཟད་རན་པར་མཆིད་པའོ། །

ཞེས་པ་འདི་ནི་རིག་པའི་ནམ་མཁའ་ལ་ཐབས་ཤེས་ཀྱི་ཉི་ཟླ་འཛུམ་ཞིང་། ཡིད་ཀྱི་ཆུ་གཏེར་ལ་བློ་རིག་གི་ཆུ་ཕྲན་འཁོར་བ། རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་དང་རྒྱས་སྲས་བློ་བཟང་བསྟན་འཛིན་སོགས་མཁས་གྲུབ་སོ་གསུམ་གྱི་ཞབས་ལ་བསྟེན་ཅིང་། མདོ་སྔགས་ཀྱི་གཞུང་ལུགས་མཐས་ཡས་སུ་སྦྱངས་བའི་རྗེ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་མཆོག་གི་ཆོས་འཇིག་རྟེན་ཀྱི་སྣང་བ་ཉམས་རྟོགས་ཀྱི་གླུ་རུ་བླངས་བའི་མགུར་འབུམ་ལས་ཆུ་ཡི་ཟེགས་མ་ལྟ་བུ་ཞིག་བཀླགས་པའི་ཚོར་བ་ཕྲན་བུ་ཞིག་བློ་སྦྱོང་གི་ཚུལ་ཏུ་མཆིད་འདི་ཙམ་སྨྱུག་གུར་རྒྱུས་པ་ལགས།

ཆུ་འཛིན་དཀར་པོའི་བསྟོད་པ།

དེ་ཡང་ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་བཅད་དང་།། འགྲོ་བའི་མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །

མ་ལུས་ངག་རིག་ཤེས་བྱ་ཡོན་ཏན་རྫོགས་བྲལ་བའི། ། ངག་གི་ལྷ་མོ་དབྱངས་ཅན་མ་དེར་གུས་པས་འདུད། །

མ་རིག་ལམ་སྟོན་གསལ་མཛད་ཡི་དམ་མཁའ་འགྲོའི་ཚོགས། ། རྩ་བའི་བླ་མ་ཐུགས་རྗེ་ཅན་དག་གསོལ་བ་འདེབས། །

དུས་ཀྱི་ཚེ་ན་ཡི་གེ་ཨཱ་ལི་ཀཱ་ལི་ཡིས། ། ཉེར་གཉིས་ངག་གིས་བསྟོད་དང་བརྗེ་དྲན་བྱ་བའི་ཕྱིར། །

བདག་སྨྲ་བའི་དབང་བོ་ལྕེ་བརྒྱ་སྤྲུལ་ནས་ནི། ། ཀ་ལ་པིང་ཀའི་མགྲིན་གླུ་ཇི་བཞིན་སྙན་པར་ཤོག །

དུས་གསུམ་སངས་རྒྱས་རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། ། བདེ་འབྱུང་བཀའ་བསྟན་ཆོས་ཀྱི་གསུངས་ལ་ཕྱག་འཚལ་ལོ། །

སྟོབས་བཅུའི་མཁྱེན་བརྩེ་གང་གི་ཐུགས་ལ་ཕྱག་འཚལ་ལོ། ། འགྲོ་དྲུག་སེམས་ཅན་དོན་གཤེགས་གཤིས་ལ་ཕྱག་འཚལ་ལོ། །

ལུས་གྱི་མི་དགེ་གཅོད་འཕྲོག་ལོག་སྤྱོད་དག་པ་དང་། ། ངག་རིག་རྗུན་གཏམ་ཕྲ་མ་ཚིག་རྩིབ་ངག་ཀྱལ་བཞི། །

ཡིད་ཀྱི་དུག་དང་བརྣམ་སེམས་གནོད་སེམས་ལོག་ལྟ་གསུམ། ། མི་དགེ་བཅུ་ཡི་གཉེན་པོ་གང་ལ་ཕྱག་འཚལ་ལོ། །

ཕྲ་བའི་དུས་ན་རིགས་གཟུགས་ལང་ཚོ་དཔལ་རྫོགས་དང་། ། གཞོན་པའི་དུས་སུ་ཕྱོགས་ཀུན་མ་ལུས་སྟོབས་ཀྱིས་འདུལ། །

ཉེར་དགུ་དུས་ན་སེམས་ཅན་དོན་དུ་རབ་བྱུང་མཛད། ། ལོ་དྲུག་བཀའ་ཐུབ་སྤྱད་མཛད་ཐར་ལམ་རྙེད་པ་དང་། །

མི་ལུས་བྱང་ཆུབ་སྤྲུལ་སྒྱུར་ངོམ་མཚར་ཆེ་བ་གང་། ། རིགས་དྲུག་མགོན་པོ་ཐུགས་རྗེ་ཅན་དེར་ཕྱག་འཚལ་ལོ། །

ཕྱག་འཚལ་སྐལ་ལྡན་མི་ལུས་རིན་ཆེན་ཕྱག་འཚལ་ལོ། ། ཕྱག་འཚལ་སྒྱུ་མའི་རྣམ་ཤེས་ལྷུམས་ཞུགས་ཕྱག་འཚལ་ལོ། །

ཕྱག་འཚལ་ལུམྦིའི་ཚལ་བལྟམས་བྱང་ཆུབ་ཕྱག་འཚལ་ལོ། ། ཕྱག་འཚལ་ས་གསུམ་དྲེགས་པ་བཅོམ་པར་ཕྱག་འཚལ་ལོ། །

ཕྱག་འཚལ་ཕྱག་འཚལ་ཤཱཀྱའི་རིགས་གྱུར་སྲས་བོ་མཆོག ། ཕྱག་འཚལ་ཕྱག་འཚལ་ཆོས་ཀྱི་སྙིང་བོའི་ཆོས་འཁོར་གསུམ། །

ཕྱག་འཚལ་ཕྱག་འཚལ་ཝ་རཱ་ཎཱ་སཱི་ཆོས་ཀྱི་གནས། ། ཕྱག་འཚལ་ཕྱག་འཚལ་གདུལ་བྱ་གྲངས་མེད་ཐེག་གསུམ་བཀོད། །

གུས་སོ་འདུད་དོ་བདག་ཅག་འགྲོ་བའི་སྐྱབས་མགོན་མཆོག། ། བཀུར་རོ་དད་དོ་སྒྲུབ་གཉིས་མཁྱེན་གཉིས་བྲལ་བ་ཉིད། །

བརྩེ་འོ་བྱམས་སོ་ཉོན་མོངས་སྤངས་པའི་ཕུན་ཚོགས་གང་། ། འཚལ་ལོ་མོས་སོ་མི་ཡི་དབང་ཕྱུག་སྤྲུལ་བའི་མཆོག །

སྙིང་རྗེའི་དཔལ་གྱུར་གཤེགས་དང་བལྟམས་དང་རོལ་བ་དང་། ། ཁབ་ནས་འབྱུང་དང་ཐུབ་པའི་དཀའ་བ་སྤྱད་པ་དང་། །

བྱང་ཆུབ་ཆེད་དུ་མ་རིག་བདུད་སྡེ་འཇོམས་པ་དང་། ། ཐེག་མཆོག་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་དང་། །

མཐོ་རིས་གནས་བྱེད་ཚོགས་ཀུན་སུམ་རྩེན་བབས་པས་ན། ། དེ་བཞིན་དུ་ནི་མྱ་འདས་ཚུལ་མཛད་བསྟན་པ་རྣམས། །

མགོན་པོ་དམ་པ་ཏོག་དཀར་ཅན་ཉིད་མཛད་པ་ལགས། ། རྟ་ཟླའི་ཡར་ཚེས་གཅིག་ནས་བཅོ་ལྔའི་བར། །

བདུད་དང་མི་རྟེགས་ཆོ་འཕྲུལ་ཚོགས་ཀུན་ཚར་བཅད་པ། ། ས་ཟླ་བཅོ་ལྔ་ཡུམ་ཆེན་ལྷུམས་ཞུགས་མཛད་པ་དང་། །

དུས་གཅིག་མི་ཡི་སེང་གེ་གནས་གྱུར་མྱ་ངན་གསུམ། ། དུས་གསུམ་གཟའ་སྐར་འཕྲོད་སྦྱོར་འཛོམས་པ་ཨེ་མ་རྨད། །

ཆོས་ཀྱི་རྒྱལ་བོ་རྗེ་བཙུན་ཙོང་ཁ་པ་ཡི་བཀའ་དྲིན་ལས། ། ཆོས་ཀྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྲོལ་གཏོད་དང་། །

དུས་ཆེན་གསུམ་འཛོམས་ཀྱིས་ནི་ས་ག་ཟླ་བ་གཉིས། ། དབྱར་ཟླ་དྲུག་ཚེས་བཞི་པ་ཆོས་འཁོར་བསྐོར་བ་གསུམ། །

དུས་ནི་དེ་རིང་ལྷ་བབས་དུས་ཆེན་རྣམ་བཞི་ནི། ། ཀུན་གཟིགས་དབང་བོ་སྟོན་པ་གང་གི་མཛད་པའོ། །

 ཞེས་པ་འདི་ནི་རྗེས་འཛིན་གྱི་རིགས་སུ་གྱུར་བ་གང་ཉིད་ཀྱིས་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་མོ་རང་གི་ཡུམ་སྐུ་གཤེགས་ནས་ལྷ་ཡུལ་དུ་སྐྱེས་ཡོད་པ་མཁྱེན་རྗེས། དྲིན་ཅན་སྐྱེད་ཡུམ་ལ་དམ་ཆོས་ཀྱིས་དྲིན་གཟོ་ཕྱིར་ལྷ་ཡུལ་ལ་བྱོན་པ་དང་།ལྷ་ཚོགས་མང་པོར་བཀའ་ཆོས་ཅི་འདོད་གསུངས་ནས་ཕྱིར་འཇིག་རྟེན་མི་ཡུལ་དུ་ལྷ་ཚོགས་འཁོར་དང་བཅས་པ་ཕེབས་པའི་ཉིན་མོ་ལ་རྗེས་དྲན་ཞུ་བའི་ཕྱིར་ཏུ་།སྒོ་གསུམ་ཕྱག་དང་གུས་པས་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་སྦྱར་བ་ལའོ། 

དཔྱིད་ཀ་དང་དཔྱིད་མྱུག

རྩ་ཉག་རེ་རེ་བཞིན་ཤུགས་ཀྱིས་འབུས་པ་འདི་དཔྱིད་སྨྱུག་རེད།

 མི་རྣམས་ཀྱིས་དུས་ཚིགས་འདི་ལ་དཔིད་ཁ་ཞེས་འབོད།

དུས་སྐབས་འདིར།  

དགུན་གྱི་ལྷག་རོ་ཙམ་མཆིས་སྲིད་ཀྱང་།

ལྗང་སྨྱུག་རེ་རེ་སྟོབས་ཀྱིས་འབུས་པ་ན།

ངའི་མཐོང་ལམ་ཡོད་ཚད་འོད་སྣང་རེད།

སྐབས་འདིར་ས་བདག་རྒན་པོའི་བཙན་དབང་མེད་ལ།

གཉེར་རིས་སྟུག་པོ་དེས་ཀྱང་མཐོང་མི་སྲིད།

དུས་ཚིགས་འདིར་ཡོད་པ་ནི།

བྱེའུ་ཆུང་སྙིང་རྗེ།

རྩྭ་ཕྲན་ལྗང་གསར།

ཆུ་མིག་དྭངས་མོ།

ད་དུང་སྐྱེས་ཆོགས་ཀྱི་སྤྲོ་ཚོགས་གང་མང་རེད།

མི་རྣམས་ཀྱིས།

དཔྱིད་ཁ་ནི་བར་སྡོད་དུས་ཀྱི་ཁོ་རང་ཚོའི་གདམ་གནས་ཉག་ཅིག་རེད་ཟེར།

ཁྱོད་ཀྱིས།

དཔྱིད་སྨྱུག་ནི་ཁོ་རང་ཚོའི་རྒྱལ་ཁའི་འབྲས་བུ་ལྗིད་པོ་འདི་ཡིན་ཟེར།

ང་ཡིས།

དཔྱིད་ཁ་ནི་ཚེ་སྲོག་གི་གཞི་རྟེན་བཅོལ་སའི་གནས་མཆོག་ཞིག་དང་།

དཔྱིད་སྨྱུག་ནི་དེ་ལས་འཕྲོས་བའི་གསོན་ཤུགས་གི་ཚེ་སྲོག་ཡིན་པར་འདོད།

རེད་དེ།

ཁྱེད་ནི་འབའ་འབའི་སྐད་སྙན་སྒྲོག་པའི་ལུ་གུ་འབའ་ཞིག

ང་ནི་ལྡེམ་ལྡེམ་འཁྱུག་རྩལ་ངོམས་པའི་ཉ་མོ་ཁྱུ་གཅིག

ཁྱེད་ཀྱང་གནས་གཞིར་རང་འདོད་དུ་བཞུགས་ཏེ།

ལང་ཚོའི་གཉོམ་ལག་རྒྱས་ཞིང་བདེ་སྐྱིད་འཚོ་བ་རོལ་ཆོག

ངས་ཀྱང་སྔོ་སངས་ས་གཞི་དྲོད་ཁྱིམ་དུ་བརྫུས་ནས།

དྭངས་གསལ་ཆུ་མོ་མགྲོན་དུ་བོས་ནས།

ཉམས་ཆུང་ཚེ་སྲོག་མང་པོ་འཛུམ་གྱིས་བསུས་ཏེ།

ཚད་ཡོད་ཀྱི་དུས་སྐབས་འདི་ནས།

ཚད་མེད་ཀྱི་ཕྱིར་དྲན་ཞིག་ཅིས་ཀྱང་འཇོག་འདོད།

མེས་པོའི་མཛད་འཕྲིན་ལ་བསྟོད་པའི་ཀ་ཕྲེང་།

ཀ༵་ཡེ་ཕོ་མོ་གསར་སྐྱེས་གཞོན་ནུ་རྣམས། ། ཁ༵་ཅོལ་མ་མང་བདག་གི་གཏམ་འདི་ཉོན། །

ག༵་ལེ་གུ་ལེར་མ་གཡེང་ཡུན་ཙམ་གསོན། ། ང༵་ཡིས་མེས་པོའི་ལོ་རྒྱུས་ཚིག་གསུམ་བཤད།

ཅ༵་རེ་དུས་ན་གངས་དཀར་ཏི་སེའི་ངོགས། ། ཆ༵་ཤས་དང་ནི་མ་ཕམ་གཡུ་མཚོའི་ཕང་།

ཇ༵་སྣ་བཅུ་དྲུག་དྲི་གསུང་ཐུ་ལུ་ལུ། ། ཉ༵་རྫོང་ཡར་ཀླུང་གཙང་པོའི་ཕུ་མདའ་སོགས། །

ཏ༵་ལའི་རྒྱལ་བོ་མི་ཡི་ཁ་འཛིན་ཅན། ། ཐ༵་སྙད་ལ་ནི་སུམ་རྩེན་བོད་ཡུལ་གནས། །

ད༵་ཅི་སྟག་གཟིག་འོལ་མོ་ལུང་རིང་དང་། ། ན༵་གརཱ་ཨོ་རྒྱན་ནུབ་ཕྱོགས་བདེ་བ་ཅན། །

པ༵་ར་རྒྱ་གར་བྱང་ཕྱོགས་ཤཱབྷ་ལ། ། ཕ༵་རོལ་ལུགས་ནི་མང་ཏུ་སྣང་ལགས་ཀྱང་། །

བ༵་ཁྲུན་དོན་ལ་སཱ་ལའི་སྨན་ལྗོངས་ཟེར། ། ཕ༵་ནི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། །

མ༵་ནི་བྲག་སྲིན་གཉིས་ལས་འཕོས་གྱུར་བའི། ། ཙ༵་རི་སྨུག་པོ་ལྡོང་གི་རུས་རྒྱུད་ལས། །

ཚ༵་ཟེར་སུམ་གཉིས་ས་ལ་དབང་སྒྱུར་བའི། ། ཛ༵་བཱཿསྤུར་རྒྱལ་བཙན་པོ་གདུང་རྒྱུད་ཞེས། །

ཝ༵་ལེར་འབྲུག་སྟོང་ལྡིར་བའི་འུར་སྒྲ་བཞིན། ། ཞ༵་ལུའི་སྒྲ་ཆེན་འཛམ་བུ་འགེངས་ལེ་བ། །

ཟ༵་ཧོར་ལ་སོགས་སྔངས་ཞིང་འབྲོ་བར་རྩོམ། ། འ༵་ཞ་གྲུ་གུ་སྟག་གཟིག་ཞང་ཞུང་སོགས། །

ཡ༵་བོ་མ་གྱུར་ཕྱོགས་ཀུན་འབངས་སུ་བཅུག ། ར༵་ལུག་དང་ནི་རིན་ཆེན་མུ་ཏིག་སོགས། །

ལ༵་གོར་ཕྱོགས་ཀུན་ཟིལ་གནོན་དབང་སྒྱུར་བ། ཤ༵་རུས་རྒྱལ་ཀུན་སྤྱི་དམངས་བརྩེ་ལ་བྱམས། །

ས༵་སྐྱོང་བློན་ཀུན་རྒྱལ་ལ་བཀུར་ཅིང་བརྩི། ། ཧ༵་ཌཱའི་ཡུལ་གྲུ་དམངས་ཀུན་དར་ཤིང་རྒྱས། །

ཨ༵་གྲཾ་མ་ཡིན་མེས་པོའི་མཛད་པ་ལགས། ། ཨ༵་མ་ཚོགས་ཀུན་མཛངས་ཤིང་ལས་བརྩོན་པ། །

ཨ༵་ལུ་འཁོར་ཀུན་རིག་བཀྲ་ཐོས་སེམས་ཆེ། ། ཨ༵་ཇོ་ཕུ་ནུ་ཤ་ཁྲག་རུས་གསུམ་ཀུན། །

ཨི༵་སེང་བྱམས་སེམས་ཆེ་ལ་ལྷ་ཆོས་བྱེད། ། ཨུ༷་དཱཏྟཱ་མདོ་སྔགས་བརྩོན་ཅིང་སྲིད་མཐར་སྒྲོན། །

ཨེ༵་ཡིག་ཤེས་རབ་སྟོང་བ་ལྷག་ཏུ་སྒོམ། ། ཨོ༵་པ་སེམས་ཅན་བུ་བཞིན་སྐྱོང་མཛད་པས། །

ཨོ༵ཾ་ཀུན་འཛམ་བུ་གླིང་དུ་གསལ་ལེར་འཕོས། ། ཨཱ༵་ལའི་མགུར་རྟ་ངག་ལ་གྱེར་བ་འདི། །

ཧ༵་ཏན་གཅོམ་ཚིག་མ་ཡིན་ཞིབ་ཏུ་རྟོག ། ས༵་ཁམས་རིས་ནི་སྲིན་མོ་གན་རྐྱལ་དང་། །

ཤ༵་བ་རི་དྭགས་གཡུང་མོ་ལུག་དང་ནི། ། ལ༵་ཉག་མཛོ་གཟེངས་ཕྱུགས་སུ་ཉེར་ནས་ཡོད། །

ར༵་རྒོད་ཕག་རྒོད་འབྲོང་རྒོད་རྐྱང་རྒོད་བཞི། ། ཡ༵་ཐོ་སྤྱན་གྱིས་གསོས་པའི་ཕྱུགས་རིགས་ཡིན། །

འ༵་བའི་འབྲུ་ལ་གྲོ་ནས་སྲན་གསུམ་དང་། ། ཟ༵་ལ་ཁ་ལག་དཀར་གསུམ་མངར་གསུམ་ཡོད། །

ཞ༵་བོ་མ་ལུས་ཕོ་རྩལ་སྣ་དགུ་འཛོམས། ། ཝ༵་ལྤགས་དང་ནི་སྟག་གཟིག་ལྤགས་པ་སོགས། ། 

ཛ༵་སག་ལ་ནི་གོས་ཀྱི་རིགས་སུ་བགྲངས། ། ཚ༵་བོ་ངག་ལ་གབ་རྩེ་དགུ་སྐོར་དང་། །

ཙ༵་ནའི་གཤིས་ལ་རྩམ་དྲི་ཐུ་ལུ་ལུ། ། མ༵་མ་གྲོ་ཞ་དང་ནི་མགར་ཚང་དང་། །

བ༵་དན་རྩེ་གསུམ་སྒྲོན་པའི་མཛངས་མི་བདུན། ། ཕ༵་མེས་སྲོང་བཙན་ཁྲི་ལྡེ་ཁྲི་སྲོང་དང་། །

པ༵་ཊུ་ཐོན་མི་མཁན་སློབ་ཆོས་གསུམ་སོགས། ། ན༵་བའི་སྨན་སོགས་འཚོ་བྱེད་གླིང་ན་གྲགས། །

ཌ༵་རུ་གླིང་བུ་ལ་ནི་རོལ་དབྱངས་རྩེན། ། ཐ༵་ཐོར་འཚོ་ཞིང་མཐུན་སྒྲིལ་ཨ་ལོང་བཞིན། །

ཏ༵་ལན་སྣོད་ནི་ཕྱུགས་རིགས་པགས་པས་བཟོས། ། ཉ༵་ཉལ་ཆགས་གཞི་སྦྲ་ནག་གྲུ་བཞི་དང་། །

ཇ༵་གསོན་དང་ནི་འོ་ཇ་མངར་མོ་ཡིན། ། ཆ༵་ལ་གོས་དང་རྩག་པ་ལྤགས་པ་གྱོན། །

ཅ༵་ལ་དཀར་ཡོལ་དུང་དཀར་གཡས་འཁྱིལ་འཛིན། ། ང༵་ཡི་གཏམ་འདི་མེས་པོའི་བླ་སྲོག་ཡིན།

ག༵་ཎའི་ཚོགས་ལ་བདེན་ཚིག་སྨྲ་ལགས་པས། ། ཁ༵་བ་ཅན་གྱི་ཡབ་མེས་སྲོལ་འཛིན་དང་། །

ཀཱ༵་ལིའི་དབྱངས་གསལ་བརྩོན་པ་ལྷར་བླངས་ཏེ། ། ཁ༵་བ་ཅན་གྱི་དོན་དུ་ལེགས་མཛད་པ། །

ཀ༵་མད་གཏེར་ཆེན་རྒྱུད་འཛིན་ལེགས་འབད་ཅིང་། ། ཨ༵་བརྟན་ཇི་བཞིན་སྒམ་ཞིང་བརླིང་བ་གཅིག །

ཨ༵་མའི་བྱམས་བརྩེ་ཕ་ཡི་བཀའ་སློབ་གཉིས། ། ཨི༵་ཧོ་དང་ནི་དྲིན་གཟོའི་གཤིས་ལུགས་གསུམ། །

ཨུ༵་རྒྱན་པདྨ་འབྱུང་གནས་གསོལ་མཛད་བཞི། ། ཨེ༵་ཡུད་ཐུགས་རྗེ་ཆེན་པོ་རྗེས་འཛུན་ལྔ། །

ཨོ༵་ཛཿ་འདི་ཀུན་འཛོམས་ན་རབ་ཏུ་བརྗིད། ། ཨོ༵ཾ་ལས་སྐུ་ནི་སྟོང་ཉིད་རྡོ་རྗེ་དང་། །

གསུངས་བའི་དབྱངས་ནི་མཚན་མེད་རྡོ་རྗེ་ཉིད། ། ཐུགས་རྗེའི་བྱིན་རླབས་སྨོན་མེད་རྡོ་རྗེ་གསུམ། །

ཨོ༵ཾ་ཀུན་རྡོ་རྗེ་རྣམས་གསུམ་མཆོད་པར་མཛོད། ། ཨོྃ། །

ལེགས་པར་གདམས་པ་བདུད་རྩི་ཟེགས་མའི་མཆོད་སྤྲིན།

དེ་ཡང་སུམ་རྩེན་ལྷ་ཡི་དབང་བོ་དང་། ། ངག་གི་དབང་ཕྱུག་འཇམ་དབྱངས་ཕྱག་འཚལ་ལོ། ། རྩུབ་སྟོང་འཁོར་ལོ་སྲིད་གསུམ་དབང་གི་རྒྱལ། ། སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། ། སྙན་པའི་བདུད་རྩི་བུ་རམ་བཅུད་ཡི་གཏེར། ། ཤེས་རབ་རྩལ་རྫོགས་ཚངས་སྲས་མ་ལ་འདུད། ། བློ་དང་ལེགས་ཚོགས་ལམ་སྟོན་སྒྲོན་མེ་ཉིད། །  རྩ་བའི་བླ་མ་ཡིད་བཞིན་ནོར་བུར་གུས་པས་འདུད། ། དེ་བཞིན་ངག་གི་སྨྲ་བ་འཁྲོལ་གྱུར་ན། ། ཞུ་འདོད་གཏམ་དང་རེ་བའི་ཚིག་གསུམ་བརྗོད། ། ཞོགས་ཟས་རྒྱལ་བོའི་ལུགས་ལྟར་མང་ཙམ་ཟོ། ། གུང་ཟས་རྒྱལ་སྲས་ནང་བཞིན་གང་བཟང་ཟོ། ། དགོང་ཟས་སྤྲང་བོ་ལས་ཀྱང་ཉུང་བཟའ་དགོས། ། རྒྱུན་པར་ཆུ་གཙང་མང་འཐུང་ལུས་ཟུངས་རྒྱས། ། ཁ་ཟས་བཟང་དང་འགྲང་ཚད་ཐལ་དྲགས་ན། ། ཀླད་པའི་མྱུར་ཚད་ཞན་ནས་མགོ་རྨོངས་འགྱུར། ། ཞོགས་ཟས་མི་བསྟེན་རིང་ཙམ་བརྒལ་བ་ན། །  ཁྲག་གི་རྒྱུ་བ་ཞན་ནས་ནད་རིགས་འབྱུང་། ། ཤ་ཟོས་ཆང་འཐུང་འཐབ་མོ་མང་མང་བྱེད། ། ཉིན་མཚན་ངན་བྱེད་བདག་ལས་མི་ཚོར་བ། ། ཆང་འཐུང་འཁྱལ་བ་དུག་གི་རང་བཞིན་འགྲན། ། ཅི་ཡང་མི་དྲན་སྨྱོ་བའི་ངང་ཚུལ་ཤར། ། ཤ་ཆང་གྲལ་ན་རང་འཚང་རྟོལ་ལ་མཁས། ། ཁྱལ་བའི་སྨྱོ་ཚིག་བླུན་པོའི་རྗེས་འཛིན་ཟེར། ། དུ་ཆང་བུད་མེད་དུག་གི་རང་བཞིན་ཅན། ། ཉུང་དང་ཚད་འཛིན་ཤེས་ན་སྨན་དུ་འགྱུར། ། ཟས་རྗེས་ཐ་མག་མང་འཐེན་སྐྲན་ནད་བྱུང་། ། སིལ་ཏོག་ཟོས་ན་གྲོད་པའི་རླུང་ཚད་འཕར། ། སྐ་རགས་ལྷོད་ན་རྒྱུ་མ་འགག་པའི་ཉེན། ། ལུས་ཁྲུས་བྱས་ན་ཟས་འཇུ་མ་ལག་འགོག ། གཉིད་ཉལ་བྱས་ན་ཕོ་ཁ་རྒྱུ་ནད་བྱུང་། ། ལུས་རྩལ་སྤྱངས་ན་ཟས་བཅུད་འཇུ་ལེན་འགོག ། འགྲོ་སོང་ཆུང་ལ་ཕན་ནུས་ཆེ་བ་དག ། སྣང་མེད་དོར་ནས་བདེ་ཐང་འཚོལ་བ་འཁྲུལ། ། དགོད་སྒྲ་སྒྲོག་ལ་རྩེད་མོ་མང་ཙམ་བྱོས། ། ཉིན་རེར་གོམ་སྐྱོད་སྐར་མ་བཅུ་ཙམ་འདས། ། སྔ་ཉལ་སྔ་ལངས་དུས་ཚོད་རན་པ་འདི། ། སྨན་མཆོག་ལས་ཀྱང་བདེ་ཐང་འདི་ཡིས་སྟེར། ། ཉལ་རྗེས་བསམ་བློ་སྣ་མང་གཏོང་བ་དང་། ། རྒྱུན་པར་མི་ཕན་གཞན་ལ་ཁྲག་དོག་བྱེད། ། འདས་བའི་ནོར་འཁྲུལ་འཁང་ར་བྱེད་པ་གསུམ། ། ད་ལྟའི་བདེ་སྐྱིད་གཞོམ་པའི་རང་སྡུག་ཡིན། ། རང་དང་མཐུན་པའི་མི་ལ་ཁ་པར་ཐོངས། ། བྱིས་པ་ལོ་ལོན་བར་ལ་ཁ་བརྡ་བྱོས། །  ལྟ་ཚུལ་མི་མཐུན་བསམ་བློ་གུས་བས་སྐྱོང་། ། རང་གི་ཀུན་སྤྱོད་དཔེ་དེབ་ཐོག་མ་ཡིན། ། སྐད་ཆ་ཚད་མཐུན་སྨྲས་ན་རིག་པ་རྒྱས། ། བརྗོད་པ་ཉུང་དྲགས་ཀླད་པའི་ནུས་ཤུགས་ཉམས། །  སྤོབས་དང་སྒྲུབ་པ་ཟུང་འབྲེལ་མེད་ན་ནི། ། རང་གི་འཇོན་ཐང་ཞི་པའི་ཐོ་བ་ཡིན། ། ལས་མཐུན་གྲོགས་བརྒྱ་ཡོད་ཀྱང་ཉུང་ཚད་དང་། དགྲ་གྲོགས་གཅིག་ཏུ་ཡོད་ཀྱང་མང་སྐྱོན་ཡིན། ། འདུ་བྲལ་གྲོགས་བཟང་རྙེད་པ་རབ་ཏུ་དཀའ། ལས་མཐུན་བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག ། ལྡེ་མིག་བཟུང་ལ་སྒོ་ཆ་བསྡམས་ནས་དགོས། ། དེ་མིན་མན་མས་དགྲ་བོ་བཀུག་ནས་འོང་། ། ཕྱི་ཡི་དགྲ་བོ་བཏུལ་ན་ཇེ་མང་འགྲོ ། ནང་གི་སེམས་རྒྱུད་བཏུལ་ན་ཅི་ཡང་འགྲུབ། ། ལེགས་པོ་རྒུ་བར་བྱས་ན་དཔལ་དུ་སྐྱེ། ། ཉེས་པ་རྒུ་པར་བྱས་ན་བྱུར་དུ་འགྱུར། །  རིགས་ཀྱི་བུ་ཕྲུག་ཁོག་ཤེས་ཆེ་ཆུང་དེ། ནང་གི་ཕ་མ་ཁ་ཏ་བཟང་ངན་རེད། ། མདའ་མོ་ཉག་ཕྲན་གཟེར་འདེབས་ཆེ་ཆུང་དེ། ། གཞུ་མོ་མཆོག་དཀར་རྭ་ཤིང་སྲ་སྙི་རེད། སྤུན་མཆེད་ཕུ་བོའི་རྒྱབ་ན་ནུ་བོ་རེ། ། ཤ་རྒྱུ་གྲོད་པུའི་རྒྱབ་ན་མཚེར་བ་རེ། ། འདི་དག་སྐལ་བ་ཅི་སྲིད་ཡོད་མ་ཡིན། ། སྙིང་བློ་མཆིན་གསུམ་གསེང་ནས་བརྩེ་བར་གྱིས། ། ངན་ཚེ་སོང་བའི་བོང་རྒན་སྐྱ་ལྡིང་དེ། ། ཁ་ལོ་མེད་ཀྱང་བརྩོན་པའི་ལམ་རྒྱུས་མཁས། ། བཟང་ཚེ་སོང་བའི་རྟ་རྒན་འཕུར་ལྡིང་དེ། ། འགྲོས་མགྱོགས་བང་ཁ་མེད་ཀྱང་ས་ཆོད་ཆེ། ། དེའི་ཚེ་བཟང་ངན་རིགས་རུས་སྣ་མང་ཡང་། ། སོ་སོར་དག་པའི་སྐྱོན་ཡོན་གཉིས་ལྡན་པས། ། ཕན་ཚུན་མཐུན་པར་མཛོད་དང་རང་ལ་ཕན། ། བདེ་བ་མི་འདོད་གང་ཟག་མེད་ནའང་། །  ཆེ་བཀུར་ཆུང་བྱམས་མི་རིགས་གཤིས་ལུགས་ཡིན། ། འདི་ཀུན་ཡིད་ལ་སོམས་ཤིག་ཕན་པར་འདོད། ། ཤ་རུས་རིགས་རྒྱུད་ལྷ་ལ་གཏུག་པ་དང་། །   གཙང་ཆབ་སྔོན་མོ་གངས་ལ་གཏུག་དགོས་པ། ། ཆོས་དང་གྲུབ་མཐའ་སྟོན་པར་གཏུག་དགོས་སོགས། ། སྔོན་བྱོན་གྲགས་པའི་གཏམ་ཏུ་སྣང་མོད་ཀྱང་། ། དྭངས་གསལ་གཙང་མའི་མེས་པོ་བོན་ཞེས་པ། ། འདི་ཡང་རང་རིགས་མེས་པོ་ཅིའི་མ་ཡིན། ། དེ་ལས་སྟོན་པ་གཤེན་རབ་མི་བོ་ཆེ། ། བོན་ཏུ་བྱོན་ཡང་རིགས་རུས་གཅིག་པར་འདོད། ། གང་ནས་བྱུང་བའི་གདོད་མའི་བོན་ཆོས་གང་། ། བོད་ཀྱི་གདོད་མའི་ཆོས་ལུགས་འགལ་མེད་གྲུབ། ། དེ་དུས་བོད་ཡུལ་བོན་མིན་གཅིག་མ་མཐོང་། ། ཀུན་ཀྱང་བོད་རིགས་རྒྱུད་རྟོགས་པས། ། དེང་གི་དུས་ན་མཐུན་སྒྲིལ་ཤེས་རིག་སྤེལ། ། དཔལ་དང་འབྱོར་བ་ཕྱི་ཡི་གྲིབ་གཟུགས་ཙམ། ། སྲོལ་རྒྱུན་རིག་གནས་ནང་གི་མོར་བུ་ཡིན། ། དེ་བས་བན་བོན་གྲུབ་མཐའི་ཕྱོགས་ཞེན་དང་། ། དཀར་ནག་མཐོ་དམན་ཡང་དག་རྩོད་པ་སོགས། ། ཐལ་བར་དྲགས་ན་རིགས་རྒྱུད་འཆོལ་བའི་རྟགས། ། ངན་དུ་སོང་ན་མི་རིགས་ཐལ་བར་གཏོང་། ། འདི་དག་རྩོད་བྱར་མ་ངེས་སྤང་བྱར་འོས། ། སྤངས་ན་འཆམ་མཐུན་འཕེལ་རྒྱས་འོང་བར་འགྱུར། ། དེ་བཞིན་ལྷུར་བླངས་འཇིག་རྟེན་མི་ཆོས་བཀུར། ། བྱ་བྱེད་ལས་ལ་སྔ་འདང་ཕྱི་འདང་ཐོངས། ། བྲལ་གྱུར་ལས་ལ་མགོ་བོ་རྨོངས་བར་འགྱུར། ། དེ་དག་མི་རིགས་མཐུན་པའི་བཟའ་གཏམ་ཡིན། ། གཏམ་འདི་བདེན་ལུགས་སོ་སོའི་ཡིད་ལ་དྲིས། །

གཡང་ཁྱིམ་ཚང་གི་དུས་བཟང་ཉིན་མོར་བསྟོད་པ།

རྒྱ༵་ཆེན་སྐུ་ལུས་རབ་མཛེས་རྡུལ་བརྩེགས་བཞིན། ། ལོ༵་བརྒྱར་སྐུ་བརྟན་འབྱུང་བཞི་རབ་ཞི་བ། །

དགེ་བའི་ལས་ཀུན་ཉིན་མཚན་རྟག་ཏུ་འབད། ། སྙན་པའི་ངག་ལས་བདུད་རྩི་ཤག་ཤག་འབབ། །

གང་ཉིད་བདུན་བཅུ་རྩ་གྲངས་བགྲེས་པོ་ཁོ། ། གཞིས་ཁྱིམ་དྲོན་མོ་འདི་ཡི་སྤོ་བོ་ལགས། ། ལྕ༵གས་རིགས་ཇི་བཞིན་སྲ་འཁྲེགས་མ་ཡིན་ཡང་། ། མོ༵་རྩིས་ལྷ་གསོལ་གླུ་མཆོད་མེད་ཀྱང་རུང་། ། སྐྱི༵ད་སྣང་མ་ར་ག་ཏི་གཟུང་ལེ་བ། ། རྒྱ་བཅུའི་ཚེ་རིང་དང་ནི་རྨོ་རྨོ་ལགས། ། སྐ༵ལ་བཟང་རིག་གསར་དུས་ཀྱི་མི་བོ་གང་། ། བཟ༵ང་གསུམ་སྐྱ་བོའི་ལུགས་གང་ལེགས་བརྩོན་པ། ། བཀྲ༵་རིག་ཐབས་ཤེས་མཁས་ལ་དམ་པ་གཉིས། ། ཤི༵ས་པའི་ལས་ཀུན་བུ་ཡི་སྲོག་གཅེས་གསུམ། ། དྲི་མེད་གཞོལ་བར་དཀའ་བའི་ཡབ་ཆེན་ལགས། ། འབྲུ༵ག་སྒྲ་མཐོན་སྔོན་དབྱིངས་སུ་ཁྱབ་པའི་དུས། ། མོ༵་ཀུན་རྒྱལ་གྱུར་བྱམས་བརྩེའི་ཐུགས་མངའ་བ། ། སྐྱི༵ད་པའི་ལོ་ཟླ་ཁྱིམ་ལས་ཙག་ཙིག་བྲལ། ། བུ་ཕྲུག་སླད་དུ་སྲོག་ཀྱང་ཕངས་སྦྱིན་པའི། ། གང་ཉིད་དྲིན་ཅན་མ་ལོ་དྲིན་མོ་ཆེ། ། རྣ༵མ་ཀུན་རྫ་རིར་སྟོང་ཕྲག་ལྡིང་བསྐོར་རྒྱག ། ཕྱུ༵ག་མོ་གཤིས་ལ་བརྩེ་བའི་ཕྲ་བཏབ་པ། ། སྐྱི༵ད་ཀྱི་འཇིག་རྟེན་འཁོར་བའི་སླར་བརྩོན་པ། ། སྙིང་གི་ཕྱེད་ཀ་སེམས་ཀྱི་ཨ་ཅེ་ལགས། ། གདུ༵གས་དཀར་འོ་མའི་རང་མདངས་ལམ་སེ་ལམ། ། དཀ༵ར་གཙང་དཀོན་མཆོག་མདུན་ན་ལྷུག་པར་གྲོལ། ། སྐྱ༵བས་གནས་མགོན་དང་དྲིན་ཆེན་ཡབ་ཡུམ་ལ། ། བཀུར་དང་བརྩེ་བས་རྒྱན་འདི་ངང་རྒྱུད་འཇམ། ། གང་ཉིད་ཕུ་བོ་དམ་པའི་རང་བཞིན་ལགས། ། བ༵ན་དེ་གང་གི་སྒྲ་རུ་མ་བཟུང་ཡང་། ། དེ༵་ཡི་བྱ་ཀུན་གཤིས་སུ་ངང་གིས་འཁོར། ། མཁ༵ར་ལོ་ཞེས་བྱ་གཅེས་པའི་མིང་བརྗོད་དང་། ། ཞུ་དུལ་བག་ཡོད་ཆོས་ཀུན་ལེགས་རྫོགས་པ། ། འཇམ་པོའི་གཤིས་ལ་བརྩོན་པའི་ཡོན་གྱིས་སྤུས། ། འདི་གང་འཛོམས་ཉིད་རིག་བཟང་ཕུ་བོ་ཅི། ། འབྲུ༵ག་སྒྲ་དབྱར་གྱི་རྔ་གསང་སོ་ལོ་ལོ། ། མོ༵་ཕྱྭ་ལས་ཀྱི་བཀོད་པའི་གཤིས་བཟང་དང་། ། འཚོ༵་བའི་འོད་ཀྱི་གུར་ཁྱིམ་དགའ་འཛུམ་འཛུམ། ། ཕྱི་ནང་གཡང་ཁྱིམ་དྲི་བསུང་ཐུ་ལུ་ལུ། ། དུང་གི་གཤིས་ལ་མཛངས་མའི་ཡོན་གྱིས་ཕྱུག      འདི་ཉིད་འཛོམས་གསུམ་བཀྲ་བའི་སྲུ་མོ་ལགས། ། རྡོ༷་རྗེ་རང་བཞིན་མ་ཡིན་རླུང་གི་གྲོགས། ། རྗེ༵་བོའི་བློན་ལ་མ་ངེས་ཟླ་རུ་འགྲོ རི༵ན་ཆེན་བརྩེ་བས་རྒྱན་པ་སྐལ་ལྡན་གང་། ། ཆེ༵ན་པོའི་སྟོབས་ནི་མ་བདོག་སྐམ་ཅན་པོ། ། གང་ལ་གནས་བའི་ནུ་བོ་ང་ཉིད་ལགས། ། ཁོ་བོ་མ་ཡིན་གཞན་དག་ཤ་ཉེ་ཀུན། ། གཡང་ཁྱིམ་དྲོན་མོ་འདི་ཡི་ནོར་བུ་ཡིན། ། ཡིན་ཞེས་ནེ་ཙོའི་གཏམ་ནི་སྨྲ་བ་མིན། ། མིན་འདྲ་སྙིང་གཏམ་མངར་མོ་ལྡུད་པ་ལགས། ། ལ༵གས་སོ་ལ༵གས་སོ་དུས་བཟང་སྐར་བཟང་ལ། ། ལ༵གས་སོ་ལ༵གས་སོ་གཡང་ཁྱིམ་དགའ་བར་ཤོ༵ག ། ལ༵གས་སོ་ལ༵གས་སོ་རྒན་རྣམས་ཚེ་རིང་ཤོ༵ག ། ལ༵གས་སོ་ལ༵གས་སོ་གཞོན་རྣམས་འདབ་རྒྱས་ཤོ༵ག ། ལ༵གས་སོ་ལ༵གས་སོ་ཕྱུགས་ཀུན་འཕེལ་བར་ཤོ༵ག ། ལ༵གས་སོ་ལ༵གས་སོ་ཁྱིམ་ཀུན་འཛུམ་པར་ཤོ༵ག ། ཡ༵ག་གོ་ཡ༵ག་གོ་དུས་བཟང་ཉིན་བཟང་ལ། ། ཕུ་བོ་སྲུ་མོ་ལས་བསྐལ་འཛོམས་པ་ཡ༵ག ། ཡ༵ག་གོ་ཡ༵ག་གོ་དུས་བཟང་ཉིན་བཟང་ལ། ། སྤོ་བོ་རྨོ་རྨོ་ཚེ་ཐག་རིང་ནོ་ཡ༵ག ། ཡ༵ག་གོ་ཡ༵ག་གོ་དུས་བཟང་ཉིན་བཟང་ལ། ། ཕ་མ་རྣམས་གཉིས་བྱང་སེམས་ཆེ་ནོ་ཡ༵ག ། ཡ༵ག་གོ་ཡ༵ག་གོ་དུས་བཟང་གསུམ་འཛོམས་ལ། ། བཀྲ་ཤིས་གསུམ་འཛོམས་དུས་ལ་བསྟོད་གྱུར་བ། ། སྤྱིར་ན་རྒྱུ་ནོམ་མང་ཉུང་ཡོད་པ་སྟེ། །  མཛུམ་མོ་ལྔ་ལ་རིང་ཐུང་ཡོད་པ་བཞིན། ། འཇིག་རྟེན་མི་ལ་རིགས་རུས་སྣ་མང་ཡང་། ། འོ་སྐོལ་དག་ནི་འཛོམས་པ་སྔོན་བསགས་ལས། ། ཁོ་བོ་ཡང་ནི་ཅི་ཡང་མ་མཆིས་ཀྱང་། ། ཁྱེད་ཅག་ཡོད་པས་ཅི་ཡང་སྩོལ་བར་ངེ༵ས། ། ངེ༵ས་པ་ཐ་དག་བདག་གི་དོན་དུ་གཤ༵གས། ། གཤ༵གས་པའི་དོན་ཀུན་བདག་ལ་དགོངས་ནས་འདུ༵ག ། འདུ༵ག་པར་མི་བཟོད་རྟག་ཏུ་རྔུལ་ཆུ་ཕྱུ༵ང་། ། ཕྱུ༵ང་བ་ཀུན་ལ་ཁྲག་གི་རི་མོ་བྲི༵ས། །  བྲི༵ས་པའི་ཤུལ་གང་པདྨ་སྟོང་ལྡན་སྐྱྭེས། ། སྐྱེ༵ས་པ་ཀུན་གསལ་ཁྱེད་ཅག་བརྩེ་བ་ཉི༵ད། ། ཉི༵ད་ཀྱི་སེམས་ན་རྡོ་བསྐོས་རི་མོ་བཞིན། ། འོད་དུ་འཁྱུག་པ་གསལ་སྟོན་འཛིན་མེད་ལགས། །  ཞེས་པ་སྙིང་གི་གཏམ་གང་ཕྲེང་བར་བསྟོད། །  བསྟོ༵ད་པའི་ཚིག་གང་ནུ་བོའི་སྙིང་ནས་འཆ༵ད། ། འཆ༵ད་པ་གང་ཉིད་རི་མོར་ཕབ་པ་འདི། ། དྲིན་ཅན་ཚོགས་ཀྱི་བཟའ་མི་ཀུན་ལ་སྩོལ།

-------------(ཞེས་ཕུ་བོ་དང་སྲུ་མོ་གཉིས་ཀྱི་བཀྲ་ཤིས་དུས་བཟང་གི་ཉིན་མོར་དྲན་རྟེན་གྱི་ལེགས་སྐྱེས་དྭངས་མོ་ཞིག་གི་ལྷད་དུ་རྒྱལ་ས་པེ་ཅིན་ནས་ནུ་བོ་ཨ་རྡོར་གྱིས་ཕུལ་བ་ལགས།)

རང་ལ་སྐུལ་བའི་སྐྱོ་གླུ

རིག་པའི་དོན་གང་འདུར་རྒྱུགས་བྱེད་པ་དང་། ། གྲྭ་མཆོག་གནས་གང་འཁོར་ལོ་སྣ་ཅན་གང་། ། སྒོ་གསུམ་དུག་གསུམ་དྲི་ངན་ཡ་ལ་ལ། ། འཐུལ་འཐུལ་ཡིད་དུ་འཆར་བར་ཞེ་རེ་སྡུག ། སྐལ་བ་བཟང་ལུགས་རང་གི་ཡུད་ལ་ཕྲིས། ། བདེ་བ་མི་འདོད་འཕགས་པ་ཡོད་མ་ཡིན། ། ཡིན་རུང་ཁྱེད་ཀྱི་གཏི་མུག་ཆེ་ལུགས་ཏེ། ། འཁོར་ལོ་ཅན་དང་འདྲ་ལེ་ཡེ་ནས་མེད། ། བྱ་ངན་འདོད་ཆགས་ཆེ་ལུགས་འདབ་ཆགས་བྱ། ། ཞེ་ངན་སྡང་སྡིག་ཆེ་ལུགས་མྱུར་འགྲོ་བས། ། འདི་ལུགས་ཐ་མར་འགྲོ་བས་འདོར་བར་རྩོམས། ། དེ་ནས་ལེགས་པར་གསོན་དང་སྐལ་ལྡན་བུ། ། མི་ཆོས་འཇིག་རྟེན་བྱ་ལུགས་འདི་ལྟར་ལགས། ། མྱི་ནི་སྐྱོན་མེད་འཛམ་བུ་གླིང་ན་མེད། ། ཤིང་ནི་མཛེར་མེད་རྒྱ་རྫོང་ནགས་ན་མེད། ། འོན་ཀྱང་འདི་ནི་སེམས་གསོའི་ཚུལ་ཙམ་དང་། ། རང་སྐྱོན་གོས་འགེབ་ཕག་ཏུ་བཅུག་པ་བཞིན། ། གཞན་མཚང་རང་གིས་རྟོལ་ལ་འཕུང་འདྲེ་ཡིན། ། རང་མཚང་རང་གིས་རྟོལ་ན་ཨེ་ལེགས་སམ། ། གྲོག་མ་ཁ་ནང་སླེབས་དུག་དྲི་ཡ་ལ་ལ། ། ཤ་ཚའི་གཏམ་ལ་རེག་དུས་ན་ཟུག་ཆེ༵་། ། ཁ་ལྕེ་ཚ་བའི་གཏམ་དེས་རྣ་ཚ་ཆེ༵། ། ལུས་རྣ་ཚ་བའི་གཏམ་དེ་ཤ་ཚ་ཆེ༵། །  ཁབ་རྣོ་གོང་ཁའི་འོག་མ་ཡིན་ལུགས་རེད། ། གཏམ་རྣོ་མིག་མཇལ་དོན་དངོས་ཉུང་ཚོད་རེད། ། ཁ་ཚིག་བུ་རམ་ལས་ལ་ཉུང་ཉུང་དགའ། ། མི་དང་ཀུན་མཐུན་བྱུང་ན་སེམས་པ་བདེ། ། ཁ་ཡག་ཁ་བསྟུན་ངོ་ཡག་ངོ་བསྟུན་ཏེ། ། རླུང་ཁའི་དར་ལྕོག་གཡུགས་པའི་ཟླ་ལ་འགྲན། ། ཁ་ཡི་རྩམ་པ་འགམས་པ་དོན་ཆེ་ཡང་། །  རྐུབ་ཀྱིས་གླིང་བུ་བཏང་བ་དོན་ཆུང་མིན། ། དེ་བས་ལུས་སེམས་ཀུན་དང་མཐུན་ནི་བྱོས། ། ཁ་སེམས་ཀུན་དང་འགྲིག་དང་སྨན་མཆོག་ཡིན། ། འདི་འདྲ་བྱས་ན་ཉེ་ཀུན་ཡང་རྒྱས་འབྱུང་། ། ལྷག་དོན་རང་ཉིད་འཕེལ་བའི་རྒྱུ་རུ་འགྲོ །  དེ་མིན་ཁས་ལེན་མ་མང་གྲགས་པར་གནོད། ། འཕུར་ན་འདོད་ཀྱང་གཤོག་ཆག་ཡིན་ལུགས་རེད། ། ཁ་ཡི་འདབ་ཆགས་ཐོགས་མེད་ཟིན་རབས་དང་། ། རྐུབ་ཀྱིས་ཆུ་ཉལ་ཉ་ཡང་མ་ཟིན་ན། །  དེ་ཡི་གཏམ་གྱིས་མི་ཚེ་བརླགས་ནས་འགྲོ ། འདི་འདྲ་ཡིད་ལ་ཟུང་དང་གྲིབ་མི་འཕོག ། འདི་ཉིད་སྤོངས་བར་བྱོས་དང་རང་ལ་ཕན། ། འདི་བཞིན་རྒས་བར་གྱུར་ན་ཨ་ཐང་ཆད། ། འདི་ལྟར་མི་ཚེ་བརླགས་ན་དོན་བྱ་ཆུང་། ། དེ་མིན་གྲོགས་ཀྱི་རིགས་སུ་གྱུར་བ་གང་། ། ཚེ་སྔོན་ལས་ཀྱི་བསྐོས་པའི་ཚོགས་བསགས་དང་། ། བསྐལ་བའི་དུས་ཀྱིས་སྨིན་པའི་འབྲས་བུ་གཉི༵ས། ། རྒྱལ་ཁམས་ཕྱོགས་མེད་འགྲིམ་པའི་གཤོག་ཡ་གསི༵མ། ། ཉེ་བའི་གྲོགས་པོ་དག་ལས་ཡོད་རེ་སྐན། ། གྲོགས་པོས་གྲོགས་པོ་དགོད་བཞིན་བསླུ་བ་དང་། ། ཁྲམ་པས་ཁྲམ་པ་ངུ་བཞིན་བསླུ་བ་གཉི༵ས། ། མཛེས་མས་སྐྱེས་པ་སྒྱུ་ཡིས་བསླུ་བ་གསི༵མ། ། རལ་གྲི་ངོ་གཉིས་ཇི་བཞིན་བསླུ་ངེས་པས། ། བློ་རིག་བཟན་ནན་གྱིས་དང་ཐབས་ཀྱི་མཆོག ། བྱུང་ཟིན་འདས་ཟིན་བསྒྲུབས་ཟིན་ཚར་ཟིན་བཞི། ། ཕྱིས་འགྱོད་མཆི་མ་བཞུར་ཡང་དོན་མེད་འདྲ། ། གྲོགས་བཟང་སྨན་གྱི་ལྗོན་པ་དག་དང་མཚུངས། ། གྲོགས་ངན་དུག་གི་སྡོང་བོ་འདྲ་ལེ་ཡོད། ། ཞག་ཅིག་གྲོགས་གཅིག་ཤོར་ན་ངུ་བ་དགའ། ། ཚེ་གཅིག་དགྲ་གཅིག་ཉུང་ན་རང་གི་རྒྱན། ། ད་བཞིན་གོས་ལ་ལྷམ་པ་རྒྱག་རྒྱུ་ཡོད་ནའང་། །  ལུས་ཀྱི་གྲོད་པར་ལྷན་པ་རྒྱག་རྒྱུ་མེད། ། གཙོ་ཆེར་སླར་གསོན་ཐབས་ནི་གར་ཡང་དབེན། ། ཚེ་གཅིག་ཐོབ་པ་སྲིད་མཐའི་གཏེར་ཏུ་སྔགས། ། འདི་ཀུན་གཅེས་བར་ཟུང་དང་སྙིང་གཏམ་ཡིན། ། དཀར་སྐྱ་ཁྲ་ཡིས་ནམ་མཁའ་གསལ་ན་བསམ། སེར་སྐྱ་འུག་པས་མུན་པ་རུབ་ན་བསམ། སེར་སྨུག་ནེ་ལེས་ས་ཆུ་དྲོས་ན་བསམ། འདབ་ཆགས་ཁྲ་དང་འུག་པ་ནེ་ལེ་གསུམ། ཁྱིམ་གཅིག་སྤོ་ཐོ་གཅིག་ལ་སྔས་བཅོལ་ཀྱང་། འདོད་པའི་མོས་པ་མི་གཅིག་སོ་སོ་རེད། ། དེ་བཞིན་བྱ་ཀུན་རང་དང་ཚད་འཇལ་བྱོས། ། ཚད་དང་འཚམ་ན་ལེགས་ཉེས་སྤང་བླང་ངང་། ། རན་དང་ཚད་གཉིས་དོ་ཡ་ཁེལ་བར་གྱིས། ། ཁྲུང་ཁྲུང་དཀར་མོ་ཡག་ཀྱང་མཇུག་མ་ནག ། འབྲུག་ལ་འུར་སྒྲ་ཆེ་ཡང་སྟོང་སྒྲ་རེད། ། འཇའ་ཚོན་སྐུ་ལུས་མཛེས་ཀྱང་ཡལ་ནས་འགྲོ ། ཕྱི་ཡི་སྐྱི་པགས་ཡག་ཙོག་ཡོད་ནའང་། ། མི་རྟག་སྒྱུ་མའི་ཚུལ་བཞིན་ཉམས་ནས་འགྲོ ། མྱི་ཡི་ཡོན་ཏན་རིན་ཆེན་ནང་ན་ཡོད། ། ལྗོན་ཤིང་ལྕུག་ཕྲན་མཛེས་པ་ཕྱི་ན་ཡོད། ། ཀ་ཁའི་གསལ་བྱེད་མི་ལུས་ཕྱེད་ཀ་ཡིན། ། བཅུ་ཕྲག་རིག་གཞུང་སྙིང་གི་ནོར་བུ་ཡིན། ། དེ་བཞིན་དོན་ལ་གཞོལ་བ་གཙོ་ཆེར་སྣང་། ། སྐད་རིགས་མི་གཅིག་སོ་སོའི་ནང་དུའང་། །  ཤེས་རིག་མི་གཅིག་བརྒྱ་དང་བརྒྱད་ཡོད་པས། ། རང་ཉིད་གཙིགས་ཆེན་མ་འཛིན་གཞན་སྐྱོངས་བརྩོན། ། གཞན་པར་བཀུར་བ་རང་གི་ལ་རྒྱ་ཡིན། ། ཚིག་གཅིག་བཤད་ཀྱང་བསམ་བློ་ལན་གསུམ་གཏོང་། ། ལས་གཅིག་བསྒྲུབ་ཀྱང་དགེ་བའི་ཆོས་ལ་བརྩོ༵ན། ། མི་གཅིག་འགྲོག་ཀྱང་ཁ་སེམས་མཐུན་པར་བརྩོ༵ན། ། བརྩོ༵ན་གསུམ་འཛོམས་ན་རང་དོན་ཡུན་གྱིས་འགྲུབ། ། སྐད་ཆ་བསམས་ནས་བཤད་ན་མི་ཀུན་བདེ༵། ། རྩམ་པ་བལྡད་ནས་མིད་ན་འབྱུང་བཞི་བདེ༵ ། ། གོམ་ཐག་རན་ཙམ་སོང་ན་རང་ལ་བདེ༵། ། ཁལ་སྣོད་ལུས་ལ་འཚམ་ན་འགྲོ་བ་བདེ༵། ། ཀི་རིང་རྫ་ནས་བཏབ་ན་སྤྱང་ལ་ཕན། ། ཀི་རིང་ཚོགས་ནས་བཏབ་ན་བླུན་རྟགས་ཡིན། ། ཀི་རིང་བཏབ་པ་ཡིན་ནོ་འདྲ་ན་འང་། ། ཡུལ་དང་དུས་ནི་སོ་སོར་གནས་པ་གང་། ། གནས་དུས་བསྟུན་ཤེས་གཤིས་ལ་གོམས་པ་གཙོ། ། རྫ་མགོའི་རྩྭི་ཏོག་ཇི་བཞིན་འགུལ་མི་ཉན། ། གདུང་འདེགས་ཀ་བ་ལྟ་བའི་གཏན་ཚིགས་དགོས། ། གངས་དཀར་ཁ་བ་བབས་ན་ཉིན་སྲུབ་དང་། ། ཉི་མ་ཤར་ན་ཕུ་མདའ་མེད་པ་བཞིན། ། ཅི་བྱས་ལས་ཀུན་ཆ་ཤས་སྙོམས་ནི་བྱོས། ། ཅི་བཤད་གཏམ་ཚིག་ཀུན་ལ་འཕྲོད་ནི་བྱོས། ། འདི་ཀུན་རང་སྐྱོན་གཞོམ་པའི་སྨན་གྱི་མཆོ༵ག ། མཆོ༵ག་གི་དངོས་གྲུབ་ཐོབ་འདོད་རང་སྐྱོན་བཅོ༵ས། ། བཅོ༵ས་པ་ལེགས་པར་གྲུབ་ན་རང་ལ་ཕ༵ན། ། ཕ༵ན་པ་ཅི་བྱར་བརྩོན་ན་མི་ཆོས་མཐུ༵ན། ། མཐུ༵ན་པ་དོན་ལ་བྱུང་ན་ཉེ་འཁོར་བདེ༵། ། བདེ་བ་སེམས་ལ་རེག་ན་ཁམས་ནི་དྭ༵ངས། ། དྭ༵ངས་པ་ཡིད་ལ་འཕྲོད་ན་ཞལ་ནི་འཛུ༵མ། ། འཛུ༵མ་པ་སེམས་ལ་ཆགས་ན་བདེ་བ་འབྱུ༵ང་། ། འབྱུ༵ང་བ་ལྔ་ནི་བདེ་གྱུར་ན༵། ། ན༵་བའི་ཉེས་ཀུན་སེལ་ནས་འགྲོ༵ འགྲོ༵་བའི་དོན་ཀུན་ཡུན་གྱིས་འགྲུ༵བ། ། འགྲུ༵བ་པ་ཅི་རིགས་བྱུང་ན་སྣང་བ་སྐྱི༵ད། ། སྐྱི༵ད་ལ་བདེ་བ་བྱུང་ན་དུག་ཀུན་འཇོམས། ། བདེ༵་བདེ༵་སེམས་པ་བདེ༵་ན༵་བདེ༵་བ༵འི་མཆོ༵ག མཛེ༵ས་མཛེ༵ས་སེམས་པ་མཛེ༵ས་ན༵་མཛེ༵ས་བ༵འི་མཆོ༵ག སྐྱི༵ད་སྐྱི༵ད་སེམས་པ་སྐྱི༵ད་ན༵་སྐྱི༵ད་ཀྱི་མཆོ༵ག ། དུ༵ང་དུ༵ང་སེམས་པ་དུ༵ང་ན༵་དུ༵ང་གི༵་མཆོ༵ག ། མཚ༵ར་མཚ༵ར་གཞན་ཕན་སེམས་རྒྱུ་མཚ༵ར་བ༵འི་མཆོ༵ག། ། མཚ༵ར་མཚ༵ར་འགྲོ་ཀུན་བདེ་འགོད་མཚ༵ར་བ༵འི་མཆོ༵ག ། མཚ༵ར་མཚ༵ར་ཞི་བའི་ལས་ཀུན་མཚ༵ར་བ༵འི་མཆོ༵ག མཚ༵ར་མཚ༵ར་འོད་ཀྱི་གུར་ཁྱིམ་མཚ༵ར་བ༵འི་མཆོ༵ག །

---ཞེས་རང་མཚང་དུག་གི་སྡོང་བོ་དྲི་ཅན་གང་ལ་ནམ་ཞར་ཉེས་ཀུན་འཇོམས་པའི་སྨོན་ལམ་དང་བཅས་རང་སེམས་འདུལ་བར་བརྩོན་པ་ཤུགས་དྲགས་བྱ་ཕྱིར་རང་གིས་རང་ལ་སྐུལ་འདེབས་ཀྱིས་ཚུལ་དུ་སྤྱི་ཟླ་༡༡་པའི་ཚེས་༡༧ཉིན་ལ་སྦྱར་བའོ། །)


ཀླུ་ཨ་རྡོར། སྤྱི་ལོ་༡༠༡༦ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་དུ་ཤེས་རམས་པའི་སློབ་གཉེར་བྱེད་བཞིན་ཡོད།

ས་གནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། (北京市海淀区中关村南大街27号中央民族大学)

ཡིག་ཟམ། ༣༤༣༣༠༣༥༣༧༦@qq.com

འབྲེལ་གཏུགས་ཁ་པར། ༡༣༥༡༩༤༢༣༥༡༤

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།