ངོས་ནས་མེ་དམར་མཆེད་པའི་སྡོང་པོ་ལ།།
མྱ་ངན་ཐང་གི་རྐང་མཐིལ་འཇོག་པའི་མུར།།
ཆེ་ངོ་ལྷང་ལྷང་མཚམས་སྤྲིན་བསྒུལ་པའི་འོག།
ཡར་ཀླུང་གཙང་པོའི་ཁ་རུ་ཤེད་ཀྱིས་གདོན།།
མུན་པའི་སྦྲ་ཆེན་བཞེངས་ཏེ་ཨམ་ཕྲག་ཏུ།།
ཁ་ཐག་རིང་བའི་མི་རྣམས་བསོགས་པའི་ཚེ།།
སྨིན་མ་ཆུ་ཡིས་བརླན་པའི་ནམ་མཁའ་ལ།།
རབ་རིབ་སྣང་བས་སྡུག་ཡུས་རྒྱུན་མར་བབས།།
ལས་ཀྱི་ཚན་ཁ་འབར་བའི་མཁར་རྫོང་ཞིག།
རུས་པར་ཁུང་བུ་གཏོད་དེ་གྲུབ་པ་ན།།
སྐྱོ་ལ་སྡུག་པའི་སྐད་ཅིག་ཙམ་དུ་འང་།།
སྔུར་བ་ཆེམས་ཆེམས་སྒོ་དར་ཡིད་ཐང་ཆད།།
མིག་གི་པང་ལ་གདུང་བའི་ཆར་ཞོད་རྒྱག
ཡལ་གའི་ངོས་སུ་སྐར་ཚོགས་ཞེན་པས་རུམ།།
མྱ་ངན་ཐང་གི་ཟིལ་བ་ཁྲོམ་ཁྲོམ་གྱིས།།
ནུབ་ཁའི་རླུང་པོ་ལྷོག་ལྷོག་གདུ་རུ་བཅུག།
སྨིག་རྒྱུའི་དྲ་བས་སྣོལ་བའི་རེ་སྐེད་ནས།།
ཐོ་ཡོར་ལུས་ཀྱི་ཀོ་གྲུ་འདར་འདར་གྱིས།།
ཞེད་སྣང་སྐྱེས་ཚེ་དབུགས་ཀྱི་གདུས་ཐག་ནི།།
དབང་ལྔའི་སྡོང་པོ་བཙུགས་པའི་གམ་དུ་འཐེན།།
གཡེར་ཁའི་རྒྱུ་སྤུན་གྲིབ་མ་ལྡོང་ཤུལ་ནས།།
འཆར་ཡན་ཀློང་ནས་སྟོང་བའི་མཐའ་རུ་དཀྲོལ།།
ཞེ་ཡི་རས་གཞིར་ཕབ་པའི་སྨུག་མཚམས་སུ།།
བསྐལ་བ་ཟུམ་པའི་སྐྲ་ཉག་མེ་རུ་བསྒྲོན།།
༢༠༡༧ ༨ ༡༦
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
བྱེ་ཐང་ལྟ་བུའི་སྙན་ངག