ཀྲུང་གོ་བོད་ཀྱི་དྲ་བ།

མཛའ་གཞས་ཀྱི་ལྷག་རོ།(ཁག་ལྔ་བ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། :   (མཚོ་ལྷོ)སྒྲོལ་མ་འཚོ།   སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇིག་རྟེན་སྣང་བ་ལྷ་རེད།།
ལྷ་ཞལ་ཟླ་བས་བསུས་ཡོད།།
ཟླ་བའི་འོད་ཀྱི་ཟེགས་མ།།
འཇིག་རྟེན་སྣང་བར་འཐིམ་ཡོད།།


ལྷ་གཅིག་རྗེ་བཙུན་བྱམས་མགོན།།
བསླུ་བ་མེད་པའི་ལྷ་རེད།།
ཚེ་གཅིག་ལུས་གཅིག་ཉིད་ལ།།
ཐོད་པ་གཏུག་སའི་ཡུལ་ཡིན།།


ཚེས་ཆེན་བཅོ་ལྔའི་དུང་ཟླ།།
འོད་ཀྱི་ཐིག་ལེས་བཏུམས་ཡོད།།
ང་ཡི་ཆུང་འདྲིས་བྱམས་པ།།
སྙིང་གི་ཚི་ལུས་བཏུམས་ཡོད།།


ང་ཡི་ཆུང་འདྲིས་བྱམས་པ།།
དབུས་ཀྱི་གསེར་ཏོག་སེར་བོ།།
གསེར་ལས་འཁྲུངས་པའི་ཏོག་རེད།།
ཡང་སྙིང་མཇལ་འདོད་ང་ཡོད།།


ནང་བློ་སྣུམ་པའི་རོགས་དེ།།
ཚེ་ལོ་བསྐྱལ་རོགས་ཡིན་པས།། 
ཕྱི་སྟེ་གོས་ཆེན་རྩམ་ཁུག།
ཡིན་འགྲོ་བསམ་པ་མ་གནང་།།


ང་ཡི་ཚེ་ལོའི་ཕྲེང་བར།།
ཁྱེད་ཀྱི་མིང་ཡིག་དྲངས་པ།།
དད་པའི་ཨ་ལོང་ནང་དུ།།
འདྲེན་པའི་ལྕགས་ཀྱུས་བཀུགས་འདྲ།།


ལྷུན་པོ་ལྷུན་པོ་ཟེར་ཡང་།།
རྡུལ་ལས་གྲུབ་པའི་རི་རེད།།
དེ་ལས་དམའ་མོའི་གཞུང་དུ།།
སིམ་སིམ་ཕྱིན་ན་བདེ་བ།།


ཟས་མཆོག་སྦྲང་དཀར་རྩམ་པ།།
མཐོང་ཚེ་འགྲམ་ཆུ་འཐོར་བ།།
ཟས་ཏེ་ཕ་མས་བགོས་ཚེ།།
སྐལ་ལ་ཆེ་ཆུང་མི་འདུག།


དེང་མ་བྱིས་པ་ཡིན་དུས།།
རྒྱབ་ཏུ་གོས་ལྭ་མེད་ཀྱང་།།
ཨ་མའི་བྲོ་ཁུག་སྣུམ་ལོག།
ཟས་ཀྱི་མཛོད་ཅིག་ཡིན་སོང་།།


འཇིག་རྟེན་གཏམ་གྱི་མགོ་རྔ།།
ཚིག་གི་སྦྱོར་བས་སྤེལ་ཡོད།།
ཚིག་སྟེ་སྦྲང་རྩིར་བརྫུས་ཏེ།།
ཁྱེད་ཀྱི་ཕྱོགས་སུ་མཆོད་ཡོད།།


སྔས་ཐོག་གཅིག་ཏུ་བཞུགས་ཀྱང་།།
རྨི་ལམ་གཅིག་པ་མི་འཁྲུངས།།
རོགས་ཏེ་རང་མཐུན་བྱུང་ཚེ།།
འགྱོད་པ་རང་ལ་མི་འཁོར།།


སྔས་ཐོག་གཅིག་གི་མནའ་དེ།།
རྡོ་ལ་རི་མོ་བརྐོས་འདྲ།།
ཆུ་རུ་བཏབ་པའི་རི་མོ།།
ཡིན་འགྲོ་བསམ་པ་མ་གནང་།།


ཀུན་མཁྱེན་བླ་མ་ཞིག་ལ།།
སྐྱབས་འཇུག་སྙིང་ནས་ཞུས་པས།།
ཕྱི་མའི་བར་དོའི་ལམ་ཞིག།
ང་ཡིས་སྔ་ནས་རྙེད་ཡོད།།


ལྟོ་ཆུ་ཁྱི་མོར་བླུད་པས།།
ང་ལ་སྒོ་སྲུང་འཁྲུངས་ཡོད།།
ཚིག་གསུམ་མགྲིན་པར་བསྐྱིལ་བས།།
ང་རང་དགྲ་ལས་ཐར་ཡོད།།


དབྱར་ལ་འཁྲུངས་པའི་མཚན་ཏེ།།
ལས་ཀྱི་ངང་ཐུང་ཡིན་ཡང་།།
ཞེེ་དང་སྣང་བ་མཐུན་པ།།
རྨི་ལམ་ལས་ཀྱང་ཞིམ་སོང་།།


ལོ་དགུར་བསྙལ་བའི་ལོ་ཆང་།།
ལོ་ཐེབས་ལོ་ཆང་ཁམ་པ།།
མ་བཞེས་མིག་ལ་མཛེས་སོང་།།
བཞེས་པས་དབང་རྩ་མྱོས་སོང་།།


ཁྱེད་རང་ཆུ་རུ་བྱོན་པས།།
ངས་ཀྱང་ཀོ་གྲུ་བཏང་ཡོད།།
ལས་ཀྱི་བསྐོས་ཐང་ཞིག་གིས།།
འབྱོར་བ་སྲིན་པོའི་སྒོ་དྲུང་།།


སྒོ་ཁྱིའི་ཟུག་སྐད་ལྷང་ལྷང་།།
བུ་མོའི་རྣ་བར་ལྷུང་སོང་།།
རྣ་བ་བླགས་པའི་བུ་མོའི།།
སེམས་སུ་བྲེལ་ཤ་བསླངས་སོང་།།


བུ་མོའི་དབུ་སྐྲ་མཛེས་སོང་།།
དབུ་སྐྲའི་ལན་བུ་མཛེས་སོང་།།
དབུ་སྐྲའི་ལན་བུའི་གསེབ་ནས།།
ཟུར་མིག་འཕེན་སྲོལ་ཡག་སོང་།།


ཕྲ་ལ་ལྡེམ་པའི་ལུས་ཀྱི།།
རྒྱན་དང་གོས་ལྭ་ཡག་སོང་།།
གོས་ཆེན་གོང་བའི་ཁ་རུ།།
ཚིག་མདུད་གྲོལ་སྲོལ་ཡག་སོང་།།


འབྲི་མོ་དུང་ཆུང་དཀར་མོ།།
ལྷས་རར་འཁོར་སྲོལ་ཡག་སོང་།།
བུ་མོའི་བཞོ་དབྱངས་རེ་རེ།།
བཞོ་ཟེའུ་ཁ་རུ་འཁྱིལ་ཡོད།།


སྤང་སྟེ་ཁ་ཞེང་ཅན་ལ།།
གཡང་དཀར་འཁོར་སྲོལ་ཡག་སོང་།།
དེ་ལ་བུ་མོའི་རི་གླུས།།
ཁ་ལོ་བསྒྱུར་སྲོལ་ཡག་སོང་།།


ཚེས་ཆེན་བཅོ་ལྔའི་དུང་ཟླ།།
ཤར་རིའི་རྩེ་རུ་མཛེས་སོང་།།
བུ་མོའི་ཚིག་གི་མདུད་པ།།
ཚར་དཀར་འོག་ཏུ་མཛེས་སོང་།།


གནས་འགྲོ་བུ་མོའི་བག་རྟ།།
ལྷ་རྟ་དུང་ཕྲུག་གཤོག་ཐོགས།།
དེ་ལ་དྲིན་ཆེན་མ་ལོས།།
གཡང་གི་འབོད་ལུགས་ཡག་སོང་།།


བུ་མོས་བག་མགོ་འཛིན་པར།།
མ་སྲུས་བསླས་སྲོལ་ཡག་སོང་།།
དར་དཀར་གནས་འགྲོའི་རྒྱབ་དར།།
ལྷབ་ལྷབ་བསྐྱོད་ན་མཛེས་པ།།


ཆར་བ་ཟམ་ཟིམ་བབས་ཏེ།།
རྫ་མགོ་སྨུག་པས་གཡོགས་པ།།
གནས་འགྲོ་ཨ་ཅེ་འབྲོག་མོའི།།
ཡིད་སེམས་སྨྲེང་རོགས་ཡིན་སོང་།།


རླུང་རྟ་ཡར་འགྲོའི་སྒང་དེ།།
ལས་འཕྲོ་བཏབ་པའི་གནས་ཡིན།།
ད་ལོར་ཕྱིར་བསྐོར་རྒྱག་དུས།།
ཡིད་སེམས་སྨྲེང་རོགས་ཡིན་སོང་།།


ཆུ་མོའི་ཆུ་རིས་ངོས་སུ།།
ལན་གཅིག་མཇལ་རྒྱུ་བྱུང་ཡང་།།
རླུང་བུ་ཤིག་ཤིག་ལྡང་བ།།
ཡིད་སེམས་སྨྲེང་རོགས་ཡིན་སོང་།།


གདོང་བ་ཚུར་ལ་འཁོར་ཡང་།།
སེམས་པ་རྒྱབ་ཏུ་ལུས་སོང་།།
མ་ཐོབ་ཆུང་འདྲིས་བྱམས་པ།།
སེམས་ཀྱི་མཁར་ཁར་བབས་བྱུང་།།


སང་དང་གནངས་ལ་འགྲོ་ན།།
སྙིང་གཏམ་སྔ་ནས་ཤོད་ཤོག།
འགྲོ་ཁ་ལ་མོའི་སྙིང་གཏམ།།
མིག་ཆུའི་གསེབ་ཏུ་ལུས་འགྲོ།


འགྲོ་ཁའི་ཚིག་གི་མདུད་པ།།
མ་གྲོལ་ངག་ཏུ་ལུས་སོང་།།
མ་ཤི་གསོན་བྲལ་འདི་ལས།།
འཆི་བྲལ་བྱུང་ན་དགའ་བ།།


ཁ་སྟེ་བདག་མེད་ཡིན་ཡང་།།
ཚིག་དེར་བདག་པོ་བརྒྱབ་ཡོད།།
ཚིག་གསུམ་མདའ་མོར་བཀུགས་པ།།
ཡིད་ཀྱི་ཟུར་དུ་ཨེ་ཡོད།།


ཕྱི་སྒོ་ལྕགས་རིས་བསྐོར་ཡང་།།
ནང་བློ་བསྐོར་ཐབས་མི་འདུག།
བསམ་པ་གླིང་དཀར་སྟོད་ཡིན།།
གླིང་མཐའ་བསྐོར་ཏེ་མཇལ་ཡོང་།།


སྐྱེ་སྔོན་ཚོགས་བསགས་ངན་པས།།
ལས་ཀྱིས་བསྐོས་པ་མིན་ཡང་།།
ང་ཡི་མིག་གི་རྒྱལ་མོས།།
ཁྱེད་ལ་དཀྲིས་གསུམ་བརྒྱབ་ཡོང་།།


ཞབས་དཀར་ཚོགས་དྲུག་མཚམས་ཁང་།།
ལས་ཀྱིས་ང་ལ་བསྐོས་ཀྱང་།།
སེམས་སོང་བྱམས་པ་མཐོང་བས།།
ལུས་ཀྱི་གཟན་ཤམ་བརྗེད་སོང་།།


དགོན་པའི་ཕྱི་སྐོར་ལམ་དུ།།
མཛའ་གྲོགས་འཁོར་ལོ་རང་འཁོར།།
ཆོས་སུ་ཞུགས་མཁན་དེས་ཀྱང་།།
ཕྱིར་མིག་ལན་གསུམ་ཤོར་སོང་།།


ཁྱུང་དཀར་ཚོང་ལ་དེད་དུས།།
ང་ལ་དྲན་གདུང་ལྕི་བ།།
དང་པོར་རང་སོར་གནས་ན།།
འདི་འདྲའི་དྲན་ཤིང་བཞག་མེད།།


སྡེ་འདི་གཡུང་དྲུང་སྒོ་བཞི།།
ཕྱྭ་གཡང་འཁོར་བའི་སྡེ་ཡིན།།
དང་པོར་འགྲོགས་འདྲིས་མེད་ན།།
འདི་འདྲའི་དྲན་ཤིང་ང་མེད།།


རྫ་རིའི་ཁེར་ལམ་རིག་ན།།
བྲེ་ལོའི་གཤར་ལམ་དྲན་ཡོང་།།
དང་མ་རྫ་རུ་མེད་ན།།
འདི་འདྲའི་དྲན་ཤིང་བཞག་མེད།།


བྱང་གི་སྐར་མ་ཨ་བརྟན།།
ཁ་ཚུབ་ཁ་རུ་འཁྲུངས་སོང་།།
ཙག་ལས་ཐར་བའི་སེམས་གཉིས།།
མ་ཤི་ལྷོག་ལྷོག་ལྡང་ཡོད།།


སྨད་ཀྱི་སྤང་ལ་ཕྱིན་ཚེ།།
སྦྲ་དང་འགྲུལ་གུར་མང་བ།།
སྦྲ་གུར་ནང་གི་བུ་མོའི།།
ཤ་དང་རུས་པ་གཙང་བ།།


སྟོན་མཚེར་མ་མོའི་བྲང་མགོ།
མ་ཟོས་ཟུར་དུ་བཞག་པ།།
ང་དང་རྟ་རྒན་སྔོ་སྐྱའི།།
ལས་དང་ཁ་བསོད་ཡིན་སོང་།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།