ཀྲུང་གོ་བོད་ཀྱི་དྲ་བ།

མདའ་མོ་གཡང་རྫོང་ལ་བསྟོད་པ་མི་འམ་ཅིའི་གླུ་དབྱངས།(ཞར་བཀོད།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། :  (གཅན་ཚ།)འཇམ་དབྱངས་ཚེ་རིང་།   སྤེལ་དུས། : 2017-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འཇམ་དབྱངས་ཚེ་རིང་ནི། མདོ་སྨད་གཅན་ཚ་རྨ་འགྲམ་རྡོ་རྗེ་བྲག་གི་མདུན་ཕྱོགས་ལོ་ཁོག་སྡེ་བར་ཕྱི་ལོ༡༩༩༠ལ་ཕ་བཀྲ་ཤིས་དང་མ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་བུར་སྐྱེས་པ་དང་།   ལོ་ཁོག་སློབ་ཆུང་དང་སྐྱ་རེངས་སློབ་ཆུང་ནས་བོད་རྒྱ་དབྱིན་གསུམ་ལ་སྦྱངས་པའི་མགོ་བརྩམས།   གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དམའ་འབྲིང་དང་མཐོ་འབྲིང་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་དངོས་གཞི་སློབ་མར་རྒྱུགས་འཕྲོད།   དེ་ནས་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་སྟེང་སྤྱི་ཚོགས་རིག་གནས་ལ་སྦྱངས་པ་བྱས།  ཕྱི་ལོ2016ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོའི་སྐུའི་དྲུང་ཡིག་དགེ་བཤེས་དགེ་འདུན་ཆོས་གྲགས་ཀྱི་སྐུ་མདུན་ནས་བོད་ཀྱི་རིག་གནས་ཆེ་བ་ལྔའི་ནང་ཚན་སྒྲ་རིག་པའི་ཁྲིད་རྒྱུན་ཆ་ཚང་ཞུས།   རྩིས་རམས་པ་ཨ་ཁུ་བསམ་འགྲུབ་རྒྱ་མཚོའི་སྲས་མཆོག་དགེ་བཤེས་ཨ་ཁུ་སྦྱིན་པའི་མདུན་ནས་སྒྲ་མཚམས་སྦྱོར་ལྔ་པའི་ཁྲིད་རྒྱུན་ཆ་ཚང་ཞུས།   དེ་བཞིན་རེབ་གོང་རོང་པོ་དགོན་ཆེན་དུ་ཡང་གཞུང་ཚན་དུ་མར་བསླབས།  ཕྱི་ལོ་2017ལ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་དུ་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།   དུས་དེབ་དང་དྲ་བ་ཁག་མང་པོར་རྩོམ་ཡིག་གང་འཚམ་སྤེལ།


མདའ་མོ་གཡང་རྫོང་ལ་བསྟོད་པ་མི་འམ་ཅིའི་གླུ་དབྱངས། 

སྲིན་པོ་རྫ་རིའི་ས་འཛིན་དགུང་དུ་ཟུག  །

དགའ་འཁྱིལ་རྨ་ཀླུང་དལ་འབབ་ལྷོད་ཀྱིས་བཞུར།།

མདའ་མོ་གཡང་གི་དབྱར་གྱི་མཛེས་སྡུག་གིས།། 

ནོར་འཛིན་སྒེག་མོས་ལང་ཚོའི་གཟི་བྱིན་ངོམས།། 

ཨ་ཆུང་གནམ་རྫོང་བཙུན་མའི་གདན་ས་དང་།།  

ལྷ་ལུང་དཔལ་རྡོའི་སྒྲུབ་གནས་རྡོ་རྗེ་བྲག།

 ཞིང་འདིར་ཕྱི་དར་འདུལ་བའི་དབུ་བརྙེས་པས།།

ཕྱི་དར་བསྟན་པའི་འབྱུང་གནས་གཅན་ཚའི་ཡུལ། ། 

བཤད་སྒྲུབ་བསྟན་པའི་གདན་ས་ཀོའུ་བ་དགོན།།

ལཱ་མོ་བདེ་ཆེན་ངང་རོང་མགུར་དགོན་སོགས།། 

གདན་སའི་སྐྱེས་ཆེན་མཁས་མང་ཕྱག་རྒྱུན་གྱི།།

བཅུ་ཕྲག་རིག་གནས་ཡར་ངོའི་ཟླ་བཞིན་འཕེལ།།

 སྤྱི་ཚོགས་སློབ་གསོའི་ལས་ལ་བརྩོན་པ་ཡི། །

 བཤེས་གཉེན་དམ་པའི་མཛད་པ་འཕྲིན་ལས་ཀྱི།།

བློ་ལྡན་ཤེས་བྱའི་གནས་ལ་ཁྲིད་བྱེད་པའི།།

 རླབས་ཆེན་བྱ་བཞག་ཁུར་ཆེན་བླང་འདི་མཛེས།། 

ཡུལ་འདིའི་ཆེ་བ་ས་འཛིན་ཐོག་མ་དང་།།

གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག་ར་སོགས།།

 དགེ་བཤེས་མཁས་ཆེན་གྲངས་མང་བྱོན་པ་འདིས།། 

 གནས་འདིའི་བདེ་སྐྱིད་དཔལ་ཡོན་མངོན་པར་གསལ།། 

བཅུ་ཕྲག་རིག་པའི་གནས་དང་ཚན་རྩལ་སོགས།།

ཤེས་བྱ་མ་ལུས་ཐོས་བསམ་སྦྱངས་བརྩོན་གྱིས།།

 ཉིན་མཚན་འདའ་བའི་གཞོན་སྐྱེས་སྐལ་བཟང་རྣམས།  ། 

གནས་འདིའི་འབྱོར་ཕྱུག་སྐྲུན་པའི་སོན་རྩ་མང་། །

མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བྱེད་ཀྱི།།

རིག་པའི་གནས་ལ་བརྩི་བཀུར་སྦྱངས་བརྩོན་སོགས། །

 ཆེ་གུས་ཆུང་བྱམས་ཡ་རབས་ཡོན་ཏན་གྱི།།

གནས་འདིའི་འཕེལ་རྒྱས་དོ་ཟླ་གཞན་གྱིས་མིན།། 

 བཤེས་གཉེན་དམ་པའི་ལམ་སྟོན་བཟང་བོ་ཡིས།།

སྐལ་ལྡན་བདག་ཀྱང་ཤེས་བྱའི་གནས་ཀུན་ལ། ། 

སྦྱངས་ནས་རང་ཡུལ་འཕེལ་ཞིང་རྒྱས་པ་ལ། ། 

ཉིན་མཚན་སེམས་ཀྱི་སྟོབས་བསྐྱེད་འབད་ལ་གུས།  །

སྐལ་ལྡན་ལས་འཕྲོ་མང་པོས་རྒྱལ་ཁམས་གང་།།

འབྱོར་ཕྱུག་དཔལ་ཡོན་དབྱར་གྱི་ཆུ་བོ་བཞིན།།

དེང་རབས་ཚན་རྩལ་རིག་གནས་མཁས་པ་ཡིས།། 

མདའ་མོ་གཡང་རྫོང་སྙན་ཚིག་སྒྲ་ཡིས་བསྔགས།།    

    ཕྱི་ལོ་2017ཟླ་7པའི་ཚེས་9 ཉིན།

གདུང་སེལ་ཡིད་ཀྱི་སྒྲོན་མེ།

ཕྱི་སྣོད་འཇིག་རྟེན་འབྱུང་བཞིས་གྲུབ་པ་ཡི།།

ནང་བཅུད་སེམས་ཅན་ཉམ་ཆུང་སྙིང་རེ་རྗེ།།

རང་བྱུང་གནམ་གཤིས་དོ་མཉམ་མ་ཡིན་པས།།

རང་བྱུང་གནོད་འཚེས་ལུས་སེམས་འཕྲོག་འདི་སྐྱོ།།

མ་བྱས་མི་འཕྲད་བྱས་པ་ཆུད་མི་ཟ། །

དཀར་ནག་ལས་འབྲས་ཚུལ་བཞིན་བསམ་པ་ཡིས། །

ཡ་རབས་ལུགས་སྲོལ་བཟང་པོ་སྲུང་མཁས་ན།།

རང་ཉིད་བདེ་བའི་རྒྱུ་རུ་འགྱུར་བར་ངེས།།

མི་ཆོས་གཙང་མ་བཅུ་ཡི་ལམ་སྲོལ་ལས།།

ཡབ་མེས་ཡ་རབས་སྲོལ་རྒྱུན་འདི་ཕྱིའི་རྒྱན།།

མི་རབས་མང་པོར་སྲུང་སྐྱོབ་བཀའ་དྲིན་གྱིས། །

མཚོ་དང་རང་བྱུང་ཁོར་ཡུག་བོད་ལས་མེད།།

འདི་འདྲའི་གནས་གཙང་ས་ཡི་ཞིང་ཁམས་ལ།།

མི་མཐུན་མ་རབས་ལས་ཀྱི་མཚོན་འཕེན་ན།།

ད་ལྟའི་རང་བྱུང་གནམ་གཤིས་ཆག་འཇིག་གིས།།

སེམས་ཅན་གྲངས་མེད་སྲོག་འཕྲོག་བྱེད་འདིར་གཟིགས།།

སྔོན་མ་ལས་དང་ཚོགས་བསགས་བཟང་བའི་ཁར།།

སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར་བ་ཡི།།

ད་ལྟ་མི་རྟག་འཆི་བའི་རྐྱེན་བྱུང་ཡང་།།

ཕྱི་མར་བདེ་བའི་སྨོན་ལམ་ལན་བརྒྱར་འདེབས།།

སྐྱེས་རབས་ཕྲེང་བར་ཐུགས་རྗེ་ཆེན་པོ་ཡི།།

གདུལ་བྱའི་འགྲོ་བར་སྨོན་ལམ་བཏབ་པའི་མཐུས།།

འབྲས་བུའི་ས་བོན་ནམ་ཞིག་སྨིན་འགྱུར་བས།།

ལས་འབྲས་བསླུ་མེད་སྲུང་བའི་སྨོན་ལམ་འདེབས།།

རང་བྱུང་འཇིགས་པས་ཚེ་སྲོག་འཕྲོག་ན་འང་།།

རྣམ་དཀར་དགེ་རྩ་ཇི་སྙེད་བསགས་དང་ལྷན།།

དད་པའི་ཡིད་ཀྱིས་སྟོང་མཆོད་འདི་བསྒྲོན་ཏེ།།

བླ་མ་ལྷག་པའི་ལྷ་ལ་གསོལ་འདེབས་ན། །

འདི་དང་བར་དོའི་སྡུག་བསྔལ་ལས་གྲོལ་ཤོག །

མི་འདོད་རྐྱེན་ངན་ས་ཡོམ་འཇིགས་པ་ཡིས། །

རྐྱེན་ངན་གློ་བུར་ལས་འདིས་སྲོག་འཕྲོག་ཀྱང་།།

རིགས་མཐུན་ཀུན་གྱིས་སྨོན་ལམ་བཏབ་པའི་མཐུས། །

རྗེས་མར་བོད་དུ་སྐྱེ་བའི་སྨོན་ལམ་འདེབས།།

དམར་སེར་གོས་ཀྱིས་མཛེས་པའི་དགེ་འདུན་སྡེས།  །

ཐུགས་རྗེ་གཟིགས་པ་དག་པའི་སྨོན་ལམ་གྱིས། །

གར་འགྲོ་བརྟོལ་མེད་རྣམ་པར་ཤེས་པ་རྣམས། །

དལ་བའི་རྟེན་རྙེད་ཐེག་མཆོག་ལམ་བགྲོད་ཤོག  །

བསིལ་ཟེར་ཟླ་བ་བྱེ་བ་ལྷུང་འདྲ་བའི། །

རྣམ་དག་ཀུན་སློང་བཟང་པོའི་ངག་ཚིག་གིས། །

ལེགས་པར་སྦྱར་བ་ལས་བྱུང་སྙན་ཚིག་འདི་འང་། །

གདུང་སེམས་མཉམ་སྐྱེད་མཚོན་པའི་རྟེན་དུའོ། །

ཕྱི་ལོ2017 ཟླ8པའི་ཚེས11ཉིན་གཟི་རྩ་སྡེ་དགུ་རུ་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ།   གདུང་སེམས་དྲག་པོས་མཆོད་མེ་ཞིག་གི་ཚབ་ཏུ་འགྲམ་རྡོ་རྗེ་བྲག་གི་ལྷོ་ཕྱོགས་སུ་སྦྱར་བའོ།།

 

ཐོལ་བྱུང་སྙན་ངག

མཚན་མོའི་ཟླ་འོད་ཟླ་གམ་དབྱིབས་འདྲ་དེ་མཐོང་དུས།།

མ་ཡུམ་བྱམས་བརྩེ་དྲོད་མོའི་འཛུམ་གོང་དེ་དྲན་འོང་།།

ཆུ་འཛིན་དཀར་པོས་ཟླ་བ་མག་མོག་ལ་བསྒྱུར་དུས།།

མ་འོངས་གཞི་ཁྱིམ་དྲོད་མོའི་བདེ་སྡུག་དེ་བསམ་བྱུང་།།

ནངས་མོ་བྱིས་པའི་དཔེ་ཀློག་སྐྱོར་སྦྱང་ལ་རན་དུས།།

བྱིས་དུས་སློབ་སྦྱོང་དཀའ་སྡུག་ལོ་ཟླ་དེ་དྲན་སོང་།།

ད་ལྟའི་སློབ་ལ་གཞོལ་བའི་སྣོད་ལྡན་ཚོགས་མཐོང་ཚེ།།

མ་འོངས་སློབ་སྦྱོང་འཚོ་བར་དམ་བཅའ་ཞིག་བཅངས་འདོད།།

ད་ལྟའི་འགྲན་རྩོད་ནམ་མཁའི་སྤྲིན་པ་དང་འདྲ་བས།།

སྣོད་ལྡན་སློབ་མས་ད་ནས་སློབ་གཉེར་ལ་བརྩོན་དགོས།།

ཚན་རིག་མཛེས་མའི་འཛུམ་དཀར་གངས་ལྗོངས་ལ་ཁྱབ་དུས།།

རིག་པའི་བུ་ཆུང་ང་ཡིས་བག་མ་རུ་བསུ་དགོས།།

འཛམ་གླིང་གཅིག་གྱུར་རང་བཞིན་ག་ས་གར་ཁྱབ་དུས།།

འཛམ་གླིང་སྤྱི་སྐད་དབྱིན་ཡིག་ལེགས་པོ་ཞིག་སྦྱང་འདོད།།

ད་ལྟའི་འཛམ་གླིང་འགྱུར་ལྡོག་མཐོང་ཐོས་སུ་གྱུར་ཚེ།།

སྐད་རིགས་ཐམས་ཅད་སྦྱང་བའི་བློ་འདུན་དེ་སྐྱེས་སོང་།།

སྣ་ཚོགས་རིག་གནས་རྣམ་གྲངས་པདྨ་ཡི་སྐྱེད་ཚལ།།

ལྷུན་གྱིས་གྲུབ་པའི་མེ་ཏོག་འདབ་བརྒྱ་ཡི་ཟེའུ་འབྲུ།།

སྣོད་ལྡན་བུང་བ་ང་ཡིས་དིར་དིར་གྱི་སྒྲ་ཡིས།།

བཅུ་ཕྲག་རིག་གནས་ཀུན་གྱི་སྦྲང་མངར་དེ་འཐུང་འདོད།།

དལ་འབྱོར་མི་ལུས་རིན་ཆེན་རྟེན་བཟང་འདི་ཐོབ་ཀྱང་།།

ཤེས་རབ་རྣོན་པོའི་ལྷན་སྐྱེས་བག་ལ་རེ་ཞ་བས།།

འབྱོར་བས་དབུལ་བའི་ས་མཐའི་ཉམ་ཆུང་གི་བུ་ལ།།

རྣམ་འབྱེད་ཤེས་རབ་བཀྲ་བའི་ཐུགས་བརྩེ་དེ་གནོངས་དང་།།

ཡབ་མེས་ཤུལ་བཞག་ཡ་རབས་སྤྱོད་བཟང་གི་ལམ་ཁ།།

སྤྱི་ཚོགས་རིག་གནས་འོད་སྟོང་རྟ་བདུན་གྱི་དབང་པོ།།

འོད་དཀར་མུན་པ་སེལ་བའི་སྒྲོན་མེ་ཁྱོད་བཞུགས་ན།།

འཕེལ་རྒྱས་སྔོན་ཐོན་གྲལ་ལ་གོམ་པ་དེ་སྤོ་ངེས།། 

ཕྱི་ལོ་2017 ཟླ8པའི་ཚེས2ཉིན།

རོང་བོ་དགོན་ཆེན་གྱི་མཐོང་ཐོས་ཚངས་པའི་དུང་སྒྲ།

རོང་སྟོན་སྐལ་ལྡན་སྐུ་ཕྲེང་རིམ་བྱོན་གྱི། །

ངོ་བོ་རྣམ་པར་འགྱུར་བའི་འཕྲིན་ལས་ཀྱི།  །

རང་གཟུགས་བདེ་ཆེན་བླ་ན་མེད་པའི་ལམ།  །

ཆོས་ཀྱི་འཁོར་ལོ་རབ་ཏུ་རྒྱས་པའི་གླིང་། །

ཡང་དག་ཁྲིམས་ལྡན་དགེ་བའི་བཤེས་མང་ཞིང་། །

སྐལ་ལྡན་གདུལ་བྱའི་ཞིང་ས་ཆེན་པོའི་གཞིར། །

ཐེག་ཆེན་ཆོས་ཀྱི་ལོ་ཏོག་རྒྱས་པའི་རྩེར། །

ལམ་གཙོའི་སྨིན་ལེགས་འབྲས་བུ་གཡུར་དུ་ཟ། །

མདོ་སྔགས་བཀའ་པོད་ནམ་མཁའི་མཐོངས་ཡངས་པོར། །

ཐབས་ཤེས་ཉི་ཟླའི་བགྲོད་པ་མ་འགགས་པའི། །

ལུང་རིགས་གཟི་འོད་རབ་འབར་སྐར་མའི་ཚོགས། །

ཐུབ་བསྟན་བྱ་ལམ་མཛེས་པའི་རྒྱན་དུ་གཏམས། །

རྟེན་གསུམ་བྱིན་རླབས་འབར་བའི་གཙུག་ལག་ཁང་། །

གཅིག་ལས་གཅིག་ལྷག་བརྒྱ་བྱིན་ལྷ་ཡི་གནས། །

རབ་གསལ་གྲྭ་ཤག་གཟིམ་སྤྱིལ་བཀོད་ལེགས་ཚོམས། །

སྐལ་ལྡན་རེ་བ་སྐོང་བའི་དཔལ་དུ་མཐོ། །

ཕྱོགས་ཀུན་དད་པའི་ཨ་ལོང་འཇུས་པ་ཡི། །

གསན་བསམ་སྒོམ་སྒྲུབ་ལྕགས་ཀྱུ་རྣོན་པོའི་འཕྲུལ། །

ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་བའི་ཞིང་། །

ཕྱག་ན་པདྨོའི་འཕྲུལ་དུ་སུ་ཞིག་ཚོམ།   །

གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོའི་སྡེའི། །

རྣམ་དཀར་འཕྲིན་ལས་ཤིང་རྟ་འདྲེན་པའི་གཉེན། །

ཡོངས་འཛིན་བློ་བཟང་དཔལ་བ་ཡབ་སྲས་ཀྱི། །

བྲིས་པའི་ཕྱག་རྗེས་ཀུན་ཁྱབ་བློ་ལས་འདས། །

ལས་ཀྱི་འཕྲོ་ཅན་ཡང་དག་དགེ་བའི་བཤེས། །

གནའ་དུས་མཁས་པའི་རྗེས་འཇུག་དམ་པའི་མགོན། །

བདག་ཅག་སྐལ་ལྡན་གདུལ་བྱ་འདྲེན་པའི་གཉེན། །

གཅིག་ལས་གཅིག་ལྷག་ས་འདི་མཛེས་པའི་རྒྱན། །

མདོ་སྔགས་རིག་གནས་ཤེས་བྱའི་གནས་རྣམས་ཀུན། །

ཚང་ལ་མ་ནོར་ལམ་བཟང་གསལ་བའི་གཉེན། །

རྟག་ཏུ་ཞབས་བརྟན་གངས་ཅན་ཤེས་བྱའི་གནས། །

ད་དུང་ཕན་བདེའི་དཔྱིད་དུ་སྤེལ་གྱུར་ཅིག  །

ལྷང་ལྷུང་དགུ་ཆུའི་བཞུར་ཉམས་མཛེས་པའི་རྒྱན། །

རྡོ་རྗེ་སྐེད་པའི་འཕྲ་ཚོམ་གསེར་མོ་ལྗོངས། །

འགྲམ་པའི་ཐིག་ལེར་སྨིན་པ་རོང་བོའི་སྡེ། །

འཆད་ཉན་གཏམ་གྱིས་མཛེས་པ་འབར་གྱུར་ཅིག  །

ཕྱི་ལོ་2017 ཟླ་8ཚེས་22  ཉིན་རེབ་གོང་དུ་བྲིས།

སྙན་ཚིག་དབྱར་གྱི་རྔ་སྒྲ།

བླ་མ་ལ་བསྟོད་པ།

ཆོས་བཅུའི་མཚན་ཉིད་ཡོངས་ཚང་གཙུག་གི་མགོན།།

འཆད་རྩོད་རྩོམ་ལ་དབང་ཕྱུག་མཁས་པའི་རྒྱན།།

གཞན་ཕན་ལྷག་བསམ་དཀར་བོས་ཐུགས་རྒྱུད་ཕྱུག།

གྲགས་སྙན་བ་དན་ས་གསུམ་ཁྱོན་དུ་གཡོ།།

སློབ་གྲོགས་ལ་བསྟོད་པ།

སྣོད་ལྡན་མཚན་ཉིད་གསུམ་ཚང་བདག་གི་གྲོགས།།

དེང་རབས་ཚན་རྩལ་སྦྱངས་པའི་མཁྱེན་པ་རྒྱས།།

ཤེས་བྱའི་ལྡིང་གར་འཕྲིན་ལས་འོད་དཀར་ཁྱབ།།

ཤེས་བྱའི་མཛད་འགན་ཐེག་པ་ཁྱོད་ལས་སུ།།

རིག་གནས་ལ་བསྟོད་པ།

ཐོན་མིའི་ཕྱག་སོར་རྩེད་འཇོ་ལས་བྱུང་བའི།།

ཤེས་བྱ་ཀུན་མཚོན་དབྱངས་གསལ་སོ་བཞིའི་གྲངས།།

མུ་ཏིག་བསྟར་ལ་བརྒྱུས་པའི་ཕྲེང་བ་ཅན།།

ཞིབ་འཇུག་ལས་ཀས་དུས་ཚོད་འདའ་བ་བསྔགས།།

བོད་ཡུལ་ལ་བསྔགས་པ།

སྲིད་པའི་ཡང་རྩེ་དག་ཞིང་སྰ་ལའི་ལྗོངས།།

རང་བྱུང་ཐོན་ཁུངས་འཛམ་གླིང་མཛེས་པའི་རྒྱན།།

གངས་ཀྱི་ར་བ་དཀར་བའི་མཛེས་སྡུག་གིས།།

ཕྱོགས་ཀྱི་གོས་ཅན་གསལ་བའི་ཤལ་བ་རིང་།།

དུས་ལ་བསྟོད་པ།

ཚན་རྩལ་སྔོན་ཐོན་མི་རིགས་མིག་དཔེར་ལྟ།།

ཟླ་བའི་གོ་ལར་རྐང་བའི་མཛུབ་མོས་གནོན།།

འཕུར་མཆོངས་འབྱོར་ཕྱུག་དབྱར་གྱི་ཆུ་བོ་བཞིན།།

གོང་དུ་འཕེལ་བའི་འགྲན་རྩོད་སྤྲིན་བཞིན་གཡོ།། 

ཕྱི་ལོ་2017ཟླ་6ཚེས་8ཉིན།

 

སྙིང་གྲོགས་ལ་བྲིས་པའི་སྙན་ངག

ལོ་ཟླ་ཅི་འདྲ་མང་པོ་འདས་ཀྱང་རུང་།།

ནམ་ཡང་ཁྱོད་ཞལ་སྒྲོལ་མའི་ཞལ་རས་འདྲ།།

ཉིན་བྱེད་དབང་པོ་ནུབ་རིའི་ཕག་ཏུ་ཡལ།།

བསིལ་ཟེར་འོད་བརྒྱ་ཁྱོད་ཞལ་སྣང་བར་འཁྲུལ།།

 

སྙན་འཇེབས་གླུ་སྐད་སྙན་མོ་ཚངས་པའི་དབྱངས།།

ཞལ་རས་འཛུམ་དཀར་ལྷ་མོ་རི་བོང་ཅན།།

ལྷག་བསམ་སྒྲོལ་མ་དཀར་མོའི་ཐུགས་རྒྱུད་ཀྱི།།

ཆུང་འདྲིས་བྱམས་པ་ཁྱོད་ཞལ་སྙིང་དུ་སྡུག། 

 

མཛེས་པའི་གཟུགས་གཞི་སྨྱུག་མ་ཚིགས་དྲུག་འདྲ།།

གཤིས་རྒྱུད་བཟང་བོ་གཡང་དཀར་བལ་ལས་འཇམ།།

ངོ་ཚ་ཁྲེལ་ཡོད་བབ་ཆགས་ཡོན་ཏན་གྱི།།

མཛངས་མའི་ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ།།

 

རིག་པའི་གནས་ལ་ཉིན་མཚན་དབྱེར་མེད་ཀྱི།།

བརྩོན་འགྲུས་གོ་ཆ་བརྟན་པོས་ཉིན་རེ་བཞིན།།

ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་བ་ཡི།།

གནའ་དེང་རིག་པའི་དཔལ་ཡོན་ཁྱོད་ལ་འཛོམས།།

 

དྲིན་ཆེན་ཕ་མའི་གསུང་ལ་བརྩི་ཞིང་བཀུར།།

བཤེས་གཉེན་དམ་པ་རང་གི་ཡབ་ལྟར་བརྩི།།

ཆེ་བཀུར་ཆུང་བྱམས་ཡ་རབས་ཡོན་ཏན་གྱིས།།

མཛེས་པ་ཁྱོད་ལ་ལས་ཀྱིས་བདག་སེམས་སྤྲོ།། 

ཕྱི་ལོ་2017ཟླ་6ཚེས་23ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།