ཀྲུང་གོ་བོད་ཀྱི་དྲ་བ།

མིག་ཆུའི་མཆོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (མཚོ་ལྷོ།)ཁྲི་སྐལ་བཀྲ།   སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——དྲིན་ཆེན་ཨ་མར་ཕུལ་བ། 

གསེར་གྱི་རི་ཆུང་ཞབས་ཀྱིས་བརྫིས་ཏེ་རྡོག་སྣེ་བསྐྱོད་པའི་སྐོར་ལམ་ན། །

དྲིན་ཆེན་མ་ལོའི་འཛུམ་དཀར་འཐུ་ཞོར་དྲན་པའི་སྔགས་ཤིག་ཡལ་མི་འདུག །

ཕྱག་མཆོད་བསང་མཆོད་ལྷ་ལ་བཏང་རུང་བྱམས་བརྩེ་དྲོན་མོའི་སེམས་མ་ཐེག །

ལག་ཟུང་འདར་བའི་སྙན་ངག་འདི་ཡིས་མ་ལོའི་དྲིན་ལ་མིག་ཆུས་སྦངས། །

དངུལ་གྱི་མཚོ་ཆུང་ཁྱོར་ལ་བླུགས་ནས་མཆོད་གསུམ་འཕངས་པའི་ས་མཐའ་ན། །

དྲིན་ཆེན་མ་ལོའི་བྱམས་སེམས་སྒོམ་ཞོར་དྲན་པའི་སྔགས་ཤིག་ཡལ་མི་འདུག །

མིག་ཆུ་དྲོན་མོས་ཇ་ཞིག་སྐོལ་རུང་ནུ་རིན་འབུལ་བའི་སྐལ་མ་བྱུང་། །

མིག་ཟུང་བཤེར་བའི་སྙན་ངག་འདི་ཡིས་མ་ལོའི་དྲིན་ལ་རེ་འདུན་ཟབ། །

གསེར་གྱི་རི་ཆུང་ཀ་རུ་བསྒྱུར་ཏེ་ཐོད་པའི་རུས་ལ་དཔལ་ཁ་རྒྱས། །

དངུལ་གྱི་མཚོ་ཆུང་མེ་ལོང་བྱས་ཏེ་དྲན་པའི་རླངས་པ་མཁའ་རུ་འཕྱུར། །

བཀའ་དྲིན་སེམས་ཀྱི་བྱམས་ལྡན་མ་ལོ་མཁའ་ན་འཚེར་བའི་དུང་ཟླ་ཡིན། །

སྐྱོ་བའི་སྙན་ངག་གླིང་ལ་ཁྱབ་རུང་རྒྱལ་ཡུམ་སྒྲོལ་མ་དཀར་མོ་ཡིན། །

ཤུལ་ན་ལུས་པའི་གཡུ་སྦྲ་སྨུག་པོ་ཕྲེང་ལ་བརྒྱུས་པའི་མགུལ་རྒྱན་ཡང་། །

རི་མགོ་མཐོན་པོས་ཉི་ཟེར་བརྔུབས་ཏེ་དྲིན་གྱི་བུ་ལོན་ག་སར་ཟགས། །

དུས་ཀྱི་རྨི་ལམ་ས་ལ་སྔས་པའི་བསིལ་ལྡན་གངས་ཀྱི་ར་ལུང་ན། །

དྲིན་གྱི་རྣམ་ཤེས་འཇའ་རུ་བརྒྱུས་རུང་ལས་སྐལ་དམར་པོའི་ཚེ་སྲོག་ཡིན། །

བུ་ང་འཁྱམས་སའི་ས་མཐའ་རེ་ན་མིག་ཆུའི་མཆོད་རྐོང་རེ་རེ་ཡོད། །

བུ་ང་མཇལ་སའི་ཡང་དགོན་རེ་ན་སྙིང་རྗེའི་མན་ངག་རེ་རེ་ཡོད། །

ཁྱིམ་ཁ་བཟའ་ཁ་འཛོམས་དང་མི་འཛོམས་ཡོ་ལང་གར་གྱི་སྒོ་ཕྱེ་སྟེ། །

གནམ་གྱི་ཉི་ཟླ་ཚབ་ཏུ་བཞག་ནས་མ་ལོའི་དུས་ཆེན་ཡང་བསྐྱར་བསུ། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།