ཀྲུང་གོ་བོད་ཀྱི་དྲ་བ།

དགེ་འདུན་ཆོས་འཕེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་བུ།(འདན་མ)   སྤེལ་དུས། : 2017-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

81.jpg

དགེ་འདུན་ཆོས་འཕེལ།

—— 《དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི》ཞེས་པའི་དེབ་བཀླགས་རྗེས།

དགེ་འདུན་ཆོས་འཕེལ
ཁྱེད་ཉིད་མི་ཡུལ་དུ་ཕེབས་སྐབས
སྤྲུལ་སྐུ་ཞིག་གི་མཚན་སྙན་ཐོགས་ལ
ལྟ་ལོག་པ་ཞེས་པའི་མིང་ཡང་བཏགས་མྱོང
ཁྱོད་ཉིད་མི་ཡུལ་ནས་འཚོ་སྐབས
པཎ་ཊི་ཏ་ཞིག་གི་ཤེས་ཡོན་འཛོམས་ཀྱང
སློང་མོ་བ་ཞིག་གི་འཚོ་བ་རོལ་མྱོང

དགེ་འདུན་ཆོས་འཕེལ
ཁྱོད་ནི་དོན་ངོ་མ་སུ་ཞིག་སྟེ
རང་དབང་གི་དར་ཆ་དགུང་དུ་སྒྲེང་པའི་
བསམ་བློ་ཡངས་མོ་ཞིག
མི་རིགས་ཀྱི་ལ་རྒྱ་དོར་མ་མྱོང་བའི་
མི་ཕོ་རྣལ་མ་ཞིག 
རྣམ་དཔྱོད་ཀྱི་མཚོ་མོ་མཁའ་ལ་འཕྱུར་བའི་
རིག་པའི་དཔའ་བོ་ཞིག

དགེ་འདུན་ཆོས་འཕེལ
ཁྱོད་ཀྱིས་རིགས་ཞེན་གྱི་ལ་རྒྱ་ཡིད་ལ་བསྒོམས་ཏེ
སྔོན་ཐོན་གྱི་བསམ་བློ་ཡངས་མོའི་ངང་ནས
རྙིང་ཞེན་གྱི་འཆིང་རྒྱ་ལས་གྲོལ་ཏེ
མདུན་བསྐྱོད་ཀྱི་ལམ་ལ་གོམ་ཁ་བསྒྱུར

ཡིན་ན་ཡང
ཁྱོད་ཉིད་མི་རིགས་ལ་ཞེན་ཁོག་ཆེ་བས
རྨོངས་དད་ཀྱི་རལ་གྲིས་བསྣུབས
རྙིང་ཞེན་གྱི་མདའ་མོའི་སོ་ཁ་བསྐོར
མུན་ནག་གི་བཙོན་དུ་བཅུག་སོང
མཐའ་ན་འཆི་ལམ་དུ་ཡང་བརྫངས་སོང

དགེ་འདུན་ཆོས་འཕེལ
རིག་པའི་དཔའ་བོ་ཁྱེད
སྤྱི་ལོ1951 ལོའི་དགོང་མོ་དེར
མི་ཡུལ་ནས་གྱེས་ཏེ
རྒྱང་རིང་རྒྱང་རིང་དུ་ཕེབས་སོང

དགེ་འདུན་ཆོས་འཕེལ
ཁྱེད་སོང་ཤུལ་ན
འཇིག་རྟེན་འདིར
དྲོད་འཇམ་གྱི་ཉི་འོད་ཀྱིས་དབེན་ཏེ
གྲང་ཤུར་ཤུར་དང
ནག་རོག་གེར་གྱུར་འདུག

དགེ་འདུན་ཆོས་འཕེལ
དེ་རིང་བདག་གིས
འཇིག་རྟེན་གྱི་དཀར་ངོགས་འདི་ནས
ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་ནས
ཁྱེད་ཀྱི་དག་གཙང་གི་ཡིད་སེམས་དེ་རྟོག་བྱུང
ཁྱེད་ཀྱི་སྔོན་ཐོན་གྱི་བསམ་བློ་དེ་ཡང་གཞི་ནས་ཚོར་བྱུང


མཆན།
*ཁ་བྱང་འཇུ་སྐལ་བཟང་ལགས་ཀྱི་སྙན་ངག་ཅིག་ལས་བཤུས།

2017/3/19 ཉིན་རང་ཤག་ནས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།