ཀྲུང་གོ་བོད་ཀྱི་དྲ་བ།

དུར་རྐང་གི་སྙན་ངག་ཆེད་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དུར་རྐང་།(དཀར་མཛེས།)   སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

15.jpg

          དངོས་མིང་།   ཆོས་ཀྱི་དགའ་བ།  ཕ་ཡུལ།   གསེར་རྟ་ཕུག་འུ།    སྡོད་གནས།  མགོ་ལོག་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་།   འབྲེལ་ཟམ།  སྐད་འཕྲིན།  13997454916  སྙན་ངག་བྲིས་ནས་ལོ་གསུམ་ལྷག་འགོར། དེའི་རིང་ལ་གངས་རྒྱན་མེ་ཏོག་གཙོའི་གཞུང་སྒེར་གྱི་དྲ་བ་དང་དུས་དེབ་སོགས་སུ་སྙན་ངག་བརྒྱ་ལྷག་སྤེལ།

ང་ཡི་རིག་འཛིན་གོང་མ།                        

ལྷོ་བྲག་ཆར་གྱི་ཐིགས་པ་རེ་རེས།།

རྡོ་རི་བྲག་གི་སྨྲེང་བ་གྲང་མོ།།

བློ་རྣམ་རྟོག་གི་ཡིད་ཀར་བསྲེ་བའི།།

དབྱངས་རིང་འཐེན་གྱི་རིག་འཛིན་གོང་མ།།

གནས་དབེན་ཐང་གི་བརྡ་བརྒྱུད་གཞས་པ།།

བློའི་སྐྱེད་ཚལ་གྱི་བདེ་བཏང་འཚོ་བ།།

སེམས་རྫུ་བག་གི་སྨུག་པའི་སྣེ་ནས།།

དབྱིངས་བདེ་སྟོང་གི་ལྗོན་པར་བསྣོལ་བའི།།

མཉམ་རང་བཞག་གི་རིག་འཛིན་གོང་མ།།

གདེང་རི་ཁྲོད་ཀྱི་རུས་པ་དཀར་པོ།།

ཆོས་འོད་གསལ་གྱི་ཕྱག་རྒྱ་ཆེན་པོ།།

དུས་རང་བབས་ཀྱི་བྱེད་པོ་ཟླ་མེད།།

མཐའ་རྟག་ཆད་ཀྱི་ལྟ་བ་རྟོགས་པའི།།

ཕ་དམ་པ་དེ་རིག་འཛིན་གོང་མ།།

གཞི་ཐུགས་བསྐྱེད་ཀྱི་དྲུང་སྲུང་དམ་པ།།

                                                     2017/5/23

ཆོས་ཉིད་དབྱིངས་ཀྱི་གླུ།

           ___སྙན་ངག་གི་ལྷ་མོ་དབྱངས་ཅན་མར་ཕུལ།  

ཆོས་ཉིད་དབྱིངས་སུ་མེ་ཏོག་བཞད་པ།།

ཡི་གེའི་རྣམ་རྟོག་རི་ལ་བྲོས་ཚུལ།།

ཁྱེད་ཀྱི་སྙན་ངག་དབྱངས་ཀྱི་ལྗོན་པ།།

སྒྱུ་འཕྲུལ་ལག་པའི་ཐེར་ཟུག་ཁྲ་བོ།།

ཡིད་ཀྱི་ཀུན་རྟོག་ཉི་འོད་ཟེགས་མ།།

སྨོན་ལམ་ལས་ཀྱིས་ཁྲུས་ལ་ཞུགས་ན།།

སེམས་ནི་ཡིད་རླབས་བརྡབ་པའི་དྲི་བཞོན།།

ཕྱོགས་ཀྱི་སྤྲིན་པས་དཀྲིས་ཙམ་བྱས་ཀྱང་།།

དབྱངས་ཅན་ཕྱག་གི་པི་ཝང་སྙན་མོས།།

སྒྱུ་འཕྲུལ་སྣ་དགུའི་མཛེས་པ་ཁུར་ཏེ།།

ཕལ་བའི་མི་ཡི་ལུས་ཀྱི་རྟིང་གར།།

བརྡ་བརྒྱུད་གཞས་ཀྱི་མེ་ལོང་ཕབ་ཚེ།།

ཉོན་ཡོན་རྣམ་ཤེས་རྨོངས་དང་འགལ་འདུ།།

ཚོགས་དྲུག་འཁྱག་པའི་དབྱངས་ཀྱི་ཟིལ་བ།།

གྲེ་བ་འགག་པའི་འགྲོ་བའི་ཚོགས་ཀུན།།

སྨྲེངས་སྐྱོས་ཀུན་ཏུ་བཅོམ་པའི་དུས་ན།།

ཀློངས་ཡངས་མདུན་གྱི་ནམ་མཁའི་ངོས་སུ།།

རྗེས་ཆགས་ཨུཏྤུལ་སྟོང་གི་ཁྲི་རུ།།

སྒྱུ་འཕྲུལ་ནར་མའི་བདུད་བརྩི་བཏུ་བའི།།

ངག་དབང་དབྱངས་ཅན་ལྷ་མོ་ཞེས་བྱའི།།

རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་དེར།།

ཞེན་པའི་བློ་ཡིས་དམ་ཚིག་བསྐྱེད་ན།།

དབྱིངས་རིག་བདེ་སྟོང་འཁོར་བར་འཕྱན་པ།།

དག་པ་དྲི་མེད་མདངས་སུ་མངོན་ཏེ།།

ཡིད་མཚོའི་རླབས་སྒྲ་ཅི་དགར་བསྲུབས་པའི།།

ངག་གི་པད་མོ་དབྱངས་ཀྱིས་སྨྱོས་པར།།

མི་འཁྲུལ་བློ་ཡི་རྒྱུ་སྐུད་འབྱིན་པའི།།

དེ་བཞིན་ཉིད་ཀྱི་དབྱངས་ཅན་ཉམས་གླུ།།

རྣམ་ཤེས་ཁུད་དུ་འཐོར་བའི་ཚེ་ན།།

སྐུ་ཤམ་ཕྲ་མོ་རླུང་གིས་བཏེགས་ཞོར།།

སྲིད་གསུམ་སྒྱུ་མའི་ཞལ་ཁེབ་འབྱེད་པའི།།

དབྱངས་ཅན་མ་ནི་སྣ་དགུའི་མེ་ཏོག།

དབྱངས་ཅན་མ་ནི་སྒྱུ་འཕྲུལ་ལྡང་ཁང་།།

དུས་ཚེ་དེ་ལ་གུས་པ་བསྐྱེད་ན།།

བྱིན་རླབས་ངག་གི་རྟིང་ལ་ཞུགས་ནས།།

ཡིད་ཁོང་གཙང་མའི་ཕོ་བྲང་ཡོམ་ཡོམ།།

སྐྱེ་དང་རྒ་བའི་ཀུན་གཞི་བན་བུན།།

འགྲོ་བའི་སྨུག་པ་རང་འགར་དཀྲུགས་འདྲའི།།

ལྷ་དང་ལྷ་མོས་གར་སྟབས་ཤིག་ཤིག།

དེ་ལྟར་དབྱངས་ཀྱི་གྲུ་ཁེམ་ཐོགས་པའི།།

དུས་མཐའི་སྙན་ངག་ངག་ཏུ་བརླུམ་པའི།།

གཉུག་མའི་རོལ་དབྱངས་སེམས་སུ་བསྒྲུམ་པའི།།

དོན་གྱི་འཁོར་ལོར་བརྩེ་བ་ཕུལ་བའི།།

འདི་སྣང་རྟོག་པར་ཞེན་སྣང་འབྲི་བའི།།

དབྱངས་ཅན་ངག་གི་རྒྱལ་མོ་གང་དེ།།

བདེ་སྟོང་གྲོང་ལ་ལྟ་བའི་གཏིང་ཅན།།

འཆར་ཡན་གདངས་ལ་སོན་པའི་འཕགས་མ།།

སྨྲ་བསམ་བརྗོད་མེད་དབྱངས་ཀྱི་མར་མེ།།

                                                            2017/4/11ཉིན་མཇུག་གྲུབ།

         མདུད་པ།     

ཚེ་རབས་གཅིག་གི་ཟིལ་བའི་གཡོར་གྲུ་ལ།།

བྱེ་ཐང་དག་ཏུ་ཆུ་མིག་བརྡོལ་བ་ལྟར།།

འཕྲད་ཙམ་གྱིས་ཀྱང་སྨྲེང་སེམས་ཁུར་འོང་བའི།།

ཕྱེད་ཀ་ཆག་པའི་ཁྱོད་ཀྱི་ངོ་གདོང་ནི།།

འགྲམ་རྡོའི་ངོས་ཀྱི་ཁེར་རྐྱང་རི་མོ་སྟེ།།

ནགས་ཚལ་གསུབ་པའི་གཟུགས་ཀྱི་དབེན་སིམ་ལྟར།།

གྲུ་ཁེམ་ཐོགས་པའི་དབྱངས་ཀྱི་འགྲུལ་བ་དང་།།

རྦ་རླབས་འཇགས་པའི་སྨོན་ལམ་རྩེ་མོ་ཡང་།།

སྤྲིན་རྣམས་གཙང་བོར་ཆགས་པའི་གྲིབ་མ་ལྟར།།

རྒྱང་རིང་གྱེར་བས་སྨུག་པ་གཡོ་ཙ་ན།།

རྗེས་ཆགས་བརྩེ་བའི་མདུད་པ་སྲ་མོ་ཡང་།།

རླུང་དང་སྡོམ་རྒྱས་བསྡམས་པའི་འཕྲིན་པ་ལྟར།།

མི་བཟད་བློ་ཡི་ཉི་མ་འཆར་བྱས་ན།།

སེམས་ཅན་ཕལ་བའི་ནང་གི་ཕལ་བ་ལ།།

མིག་ཆུ་མང་བའི་མཚན་མོ་ཚུར་ཚུར་བཞུར།།

ཞེ་རུ་ཐོགས་པའི་མཚན་གཞས་སྐྱོ་བས་མནར།།

དེའི་ཚེ་གོམ་ཆུང་སྤོ་སའི་སྲང་ལམ་ནས།།

ངོས་ཀྱི་ཕལ་བའི་མིག་ངོར་ཁྱེད་རང་ཆགས།།

ཡིད་འོང་ལན་བུ་རླུང་གིས་བསྒུལ་ཙམ་གྱིས།།

དྲི་ཟའི་གཟུགས་ལ་སོགས་པ་གློ་བུར་འགག།

དེ་ལྟར་ཉི་ནུབ་ཀློང་གི་ཡིད་ཆད་ལྟར།།

མཐོང་དུ་མེད་པའི་ལས་སྐལ་རེ་རེ་ཡང་།།

གདུང་བའི་ཆུ་རྒྱུན་ཕྱོགས་ཕྱོགས་བྲུག་པ་ལྟར།།

སྣང་བ་མི་སྡུག་ཅིག་ཆར་འགག་བྱེད་ཀྱི།།

མ་བྲིས་གཟུགས་སུ་དོད་པའི་ཁྱོད་ཉིད་ནི།།

ལག་མཐིལ་རི་མོའི་ནང་གི་རྒྱ་མཚོ་ལ།།

ཡིད་འོང་ཀོ་གྲུ་གཏོང་བའི་དཀོན་མཆོག་སྟེ།།

སྙིང་ཁར་བྱ་ཁྱུ་ཕྱོགས་པའི་སྨུག་པ་ལྟར།།

ཚེ་འདིའི་སྐྱེ་བའི་དཀར་ནག་གཉིས་མཚམས་ནས།།

ཇི་ལྟར་གཞལ་ཡང་བརྗེད་དུ་མེད་པ་ཡིན།།

                                     ༢༠༡༧.༣.༢༢ཉིན།


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།