ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱང་རིང༌།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འབྲོང་ཕྲུག   སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱང་རིང༌།
-----གསུམ་པའི་ཚེས་གཅིག་གི་ཡུལ་ཤུལ་གོད་ཆག་ལ་ངུས་པ།
 
འབྲོང་ཕྲུག
 
ཞོགས་པའི་ཉི་ཟེར་གྱི་འཇམ་ཤ་ནེམ་པོ་དེ།
དགོང་ཁའི་མཚམས་སྤྲིན་གྱི་ལྷོད་ཤ་ཡང་མོ་དེ།
ངའི་ཡུལ་ཤུལ་གྱི་རྩྭ་ཐང་ཆེན་མོ། ཆུ་མིག་དྭངས་མོ།
ད་ནི་ཨར་འདམ་དང་རྣོ་ལྕགས་ཀྱི་མཆེ་བར་ན།
ཨ་ཕས་སྟོབས་ཀྱིས་བརྩིགས་པའི་མཁར་གྱང་མཐོན་པོ་དེ་འགྱེལ་སོང༌།
ཨ་མས་བྱམས་ཀྱིས་གསོས་པའི་ཐབ་མེ་དམར་བོ་དེ་ཞི་སོང༌།
ཕུ་བོས་གཡང་གིས་བསྡུས་པའི་ལུག་ཁྱུ་དཀར་བོ་དེ་འཐོར་སོང༌།
ཨ་ཅེས་འཛུམ་གྱིས་དྲངས་པའི་འོ་ཇ་མངར་མོ་དེ་འཁྱག་སོང༌།
 
 
ལ་རྒྱས་རྒྱབ་ལ་དཔྱངས་པའི་རལ་བ་སྟུག་པོ་དེ།
སྤོབས་པས་དགུང་ལ་ཕྱར་བའི་ལག་ངར་སྦོམ་པོ་དེ།
ངའི་ཡུལ་ཤུལ་གྱི་གསར་རྒོད་འབྲོང་རྒོད་འདྲ་བ་དེ་ཚོ།
ད་ནི།  ཨར་འདམ་དང་རྡོ་ལྕགས་ཀྱི་མཆེ་བར་ན།
རྟ་རྒོད་ཀྱི་རྨིག་སྒྲས་རྩྭ་ཐང་གི་ཕ་མཐའ་གཞལ་ཐབས་མི་འདུག
སྟོང་ལུག་གི་རྫི་ནས་རྒྱང་འབུད་ཀྱི་དབྱངས་རྟ་འཐེན་ཐབས་མི་འདུག
མགྲིན་པ་སྨྲེང་ནས་ཚིག་འབྲུ་མི་གསལ་བའི་ཡིག་དྲུག་དེ་འགག་སོང༌།
སྙིང་ཁ་འདར་ནས་ན་ཟུག་མི་ཚོར་བའི་མིག་ཆུ་དེ་ཟད་སོང༌།
 
 
བརྩེ་བའི་རློན་ཤ་བབས་པའི་མཁུར་ཚོས་དམར་བོ་དེ།
དུང་བའི་འཛུམ་ཤ་ཆགས་པའི་མིག་ཟུང་སྒོར་མོ་དེ།
ངའི་ཡུལ་ཤུལ་གྱི་མོ་གསར་ཡུ་མོ་འདྲ་བ་དེ་ཚོ།
ད་ནི།  ཨར་འདམ་དང་རྣོ་ལྕགས་ཀྱི་མཆེ་བར་ན།
ལང་ཚོའི་གསང་བ་རུམ་པའི་སེམས་པ་དེར་བདེ་དྲོད་མི་འདུག
འདོད་བརྩེའི་ཞེན་ཆགས་གོས་བའི་ཟུར་མིག་དེར་ཚ་འཕྲུལ་མི་འདུག
འབྲོ་མོའི་འཇོ་དབྱངས་ཀྱིས་ཞོགས་པའི་ཉི་ཟེར་བསུ་ཐབས་མི་འདུག
རི་གླུའི་འགྱུར་ཁུགས་ཀྱིས་དགོང་ཁའི་མཚམས་སྤྲིན་འགུག་ཐབས་མི་འདུག
 
 
འབའ་འབའ་ལུ་གུའི་རྗེས་ཀྱི་རྐང་རྗེས་ཆུང་ཆུང་དེ།
བྱིས་བློའི་འཆར་ཡན་བཅུག་པའི་དཔེ་ཁུག་ཆུང་ཆུང་དེ།
ངའི་ཡུལ་ཤུལ་གྱི་གཅེས་ཕྲུག་ལུག་ཆུང་འདྲ་བ་དེ་ཚོ།
ད་ནི།  ཨར་འདམ་དང་རྣོ་ལྕགས་ཀྱི་མཆེ་བར་ན།
དེ་རིང་ལ་ཁོང་འཛུམ་ཤོར་བའི་ཉིན་ཐོ་དེ་མཇུག་རྫོགས་སོང༌།
མ་འོངས་པར་འཆར་གཞི་མང་བའི་ཟིན་བྲིས་དེའི་རྒྱུན་ཆད་སོང༌།
ཆུང་ཆུང་གི་ལག་པས་བྱིས་བློའི་དྭངས་གཙང་ཕྱིར་བསྲིངས་ཐབས་མི་འདུག
བསིལ་རླུང་འཇམ་པོས་ཀྱང་སྐེ་དཀྲིས་དམར་བོ་ལྷུབ་ལྷུབ་བསྐྱོད་ཐབས་མི་འདུག
 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།