ཀྲུང་གོ་བོད་ཀྱི་དྲ་བ།

​སྐྱེ་རྒུ་ས་འགུལ་དང་མྱ་ངན་གྱི་རོལ་དབྱངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དབའ་བཀྲ།   སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁ་བ་ཆར་དུ་འགྱུར་བའི་ནམ་ཟླ་ཞིག་ལ།། 
ས་ཆུ་དྲོད་རྩ་རྒྱས་པའི་དཔྱིད་ཀ་ཞིག་ལ།།
ལུག་གུ་མེ་ཏོག་འབུད་པའི་སྔ་གཞུག་ཅིག་ལ།།
གནམ་ས་ཆ་ལང་རྡབ་པའི་གཡོ་ཆོམ་ཐེབས་མྱོང་།།
མཚན་རླུང་ཕར་ལ་གཤར་བའི་རྐང་རྗེས་མོད་ཅིང་།།
ཉི་ཟེར་རི་ལ་རྒྱབ་པའི་རྡུལ་དམར་འོག་ནས།།
རྩྭ་རྩེས་བ་མོ་ཁུར་བ་གཞོབ་ཐུལ་སྲེག་དུས།།
གཤིན་རྗེ་ས་ཁར་སླེབས་པའི་ཀི་སྒྲ་མཆེད་མྱོང་།།
 
དགོན་པའི་འཁར་རྔའི་སིང་སྒྲ་གླིང་བར་གྲག་དུས།།
སློབ་མ་དཔེ་ཁུག་ཁུར་ནས་ལམ་དུ་ཆས་དུས།།
ཕལ་མི་རྨི་ལམ་ཞིང་ནས་སད་ལ་ཉེ་དུས།།
ཕྱི་མའི་མགྲོན་བརྡ་ཞིག་གིས་གད་རྒྱངས་བསྒྲགས་མྱོང་།།
 
ཞག་ནག་སུམ་བརྒྱ་རེ་ལྔ་ལན་བཞི་འཁོར་བའི།།
ཉིན་འདིའི་ཞོགས་པའི་སྐྱ་རེངས་ཕར་ཙམ་བཞུད་རྗེས།།
ཕ་ཡུལ་རྒུད་ཐལ་ཟེར་ནས་མིག་ཆུ་འབྱིན་མྱོང་།།
ཡུལ་ཤུལ་ཚར་སོང་ཟེར་ནས་གཏམ་ངག་གོ་མྱོང་།།
 
མིག་ཆུ་གཙང་གསུམ་བཞིན་དུ་དེ་རིང་འབབ་རེད།།
ངུ་འབོད་འབྲུག་སྟོང་ལྟར་དུ་དེ་རིང་གྲག་རེད།།
སྐྱེ་རྒུ་སྐྱེ་རྒུ་ཟེར་བའི་སྡུག་ཡུས་ཁྲོད་ན།།
མདོ་དབུས་ཁམས་གསུམ་ཤ་ངུ་པགས་ངུ་བརྒྱགས་མྱོང་།།
 
ས་གཞིའི་གས་ཁ་བར་ནས་གཤིན་རྗེས་བརྙབས་ཏེ།།
གཅེས་སྲོག་ཕྱི་མའི་ཡུལ་ལ་ཁྱུ་འདེད་བྱས་པས།།
ཐ་རྡུལ་འཚུབ་མའི་གསེང་ནས་སྐྱོ་དབྱངས་དང་བཅས།།
སྐྱེ་རྒུ་ནོར་བུའི་གླིང་ག་དུར་ཐང་གྱུར་མྱོང་།།
 
ལོ་ཟླ་ཡུན་གྱིས་བགྲོད་པའི་རྒས་གཉེར་སྲུབས་ནས།།
སེམས་ཀྱི་བརྗེད་པ་བྲལ་བའི་སྤུན་ཟླ་མིང་སྲིང་།།
དེ་རིང་ཕྱི་མར་ཆས་པའི་དུས་ངན་ཡིན་ན།།
ང་ཡིས་དཀོན་མཆོག་བོས་ཏེ་མྱ་ངན་ཞུ་འོ།།
       

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།