ཀྲུང་གོ་བོད་ཀྱི་དྲ་བ།

རུ་མཚེར་དབང་ཚེའི་གཞས་ཚིག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

170.jpg

རུ་མཚེར་དབང་རྒྱལ་ཚེ་རིང་།  པིར་མིང་ལ་གཅན་རི་འཚེར(གཅན་རུ་མཚེར་གསར་བརྗེ)ཟེར། ད་ལྟ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ན་གསར་འགོད་ཀྱི་བྱ་བ་གཉེར་བཞིན་ཡོད།  ད་ལྟའི་བར་དགའ་ཁ་འཁྱེར་སོ་ཞིག་གིས་སྙན་ངག་རེ་འགའ་དུས་དེབ་དང་ཚགས་པར་སྟེང་བཀོད་མྱོང་།  འདི་ནི་གླེང་རིན་ཡོད་པའི་གྲུབ་འབྲས་ཤིག་ཡིན་ཟེར་ནའང་མིན་ཏེ།  འདི་ནི་ཤི་འཐམ་རོ་འཐམ་བྱེད་པའི་དཀའ་སྤྱད་ཅིག་ཡིན་ཟེར་ན་དེའང་མིན་ཏེ། འདི་ནི་རང་གི་དགའ་སྐྱོ་ཆགས་སྡང་མཚོན་བྱེད་ཀྱི་བྲིས་རིས་རྣལ་མ་ཞིག  མཐར་གཏུག་ན་རང་གི་སྙན་ངག་གིས་རང་ཉིད་སྐྱོང་ཐུབ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ།  དེ་ལས་གཞན་རྣམས་ནི་ཁྱོད་ཀྱི་ཡུན་རིང་གི་འཚོ་བ་ཞིག་གོ  མི་ཞིག་ལ་དགའ་ཕྱོགས་ཡོད་པ་དེ་མི་དེ་རྗེས་ལུས་སུ་འགྲོ་བཞིན་མེད་པ་མཚོན་ནོ།

 

ང་ཡི་མེས་པོ་ཚོ།

ཚིག   རུ་མཚེར་དབང་ཚེ།

དབྱངས།  སྙིང་རྩེ་རྒྱལ།

ལེན་མཁན།  དོན་གྲུབ་དབང་རྒྱལ(ཀྲུའུ་ཏེ)

 

གདོད་མའི་མི་རིགས་ཤིག་གི་དཔའ་བོ་ཚོ།

བཙན་པོའི་རྒྱུད་ལས་འཁྲུངས་བའི་གདུང་མཆོངས་བ།

རེ་བ་རེ་བས་བལྟམས།  ང་ཡི་མེས་པོ།

སོ་ཡ་ལ་སོ།

མཐོ་སྒང་གི་ཀ་བ་བཞིན།   སྲོག་གི་ལང་ཚོ་བཞིན།

སྤོབས་པའི་ཡིད་ཆེས་གང་ལ་འཐིམས།

སྨོན་འདུན་དྲོན་མོ་རྡོ་ལ་བརྐོས།

ང་ཡི་མེས་པོ་ཚོ།

 

གདུང་རྒྱུད་གཅིག་ལས་མཆེད་པའི་རིགས་མཐུན་ཚོ།

ངག་རྒྱུན་ཁྲོད་ན་གནས་པའི་དཔའ་སྤོབས་ཅན།

དྲིན་ལ་དྲིན་གྱིས་བསྐྱངས།  ང་ཡི་མེས་པོ།

སོ་ཡ་ལ་སོ།

རུས་རྐང་གི་མར་མེ་བཞིན།  དུང་གི་ཟླ་བ་བཞིན།

འབྲོང་གཡག་དར་མའི་རྭ་བར་ནས།

འདོ་རིགས་རྟ་ཕོའི་རྨིག་རྗེས་ལས།  ང་ཡི་མེས་པོ་ཚོ།

 

མཐོ་སྒང་ཁྱིམ་གཞིས་བསུ་བའི་རིགས་རྒྱུད་ཅིག

རྫ་སྒང་མལ་གདན་བཏིང་འདྲའི་ཁྱིམ་པ་བ།

སེམས་པ་སེམས་ཀྱིས་གསོས། ང་ཡི་མེས་པོ།

སོ་ཡ་ལ་སོ།

དྭག་གཙང་གི་སེམས་པ་བཞིན།  ཤེལ་གྱི་མཆོད་རྟེན་བཞིན།

རྨོངས་མུན་འཇིག་རྟེན་འོད་དུ་སྒྲོན།

ཤེས་བྱའི་དགའ་ཚལ་བསུ་ནས་ཤོག  ང་ཡི་མེས་པོ་ཚོ།

 

གདོང་དམར་བོད་པ།                      

མཐོ་སྒང་ནས་རླུང་རྟ་གྲངས་མེད་སྤུར་མཁན་མཐོང་བྱུང་།

གངས་འདབས་ནས་སྙན་གླུ་གསོན་པོ་སྒྲོག་མཁན་ཐོས་བྱུང་།

རྩྭ་ཐང་ནས་དབྱངས་ཀྱི་སྲོག་ལ་འཐིམས་པའི་ཡབ་མེས་ཀྱི་དུངས་བརྗོད་ཅིག

མཐོང་རེག་གི་རི་རབ་དང་ས་མཐོ་ས་ནས་འདི་ལྟར་བླངས་ཏེ།

མེས་བོའི་གཙུག་ལག་གི་སྣང་བརྙན་བསྐྲུན་མཁན།

གདོང་དམར་བོད་པ་ཡ་བོད་པ།  ཇི་འདྲའི་མོས་ཤིང་བཀུར།

 

ལྷག་བསམ་གྱི་མགོ་བོ་སྤྱི་གཙུག་ནས་བསྒྲེངས་བ་བསམ་བྱུང་།

སྙིང་རྗེ་དང་དད་འདུན་གྱིས་ཡིད་ཆེས་སྐྱོང་བ་གསལ་བྱུང་།

ཚེ་སྲོག་དང་ཁུར་བོ་མང་བོ་འདེགས་བྱེད་ཀྱི་ཐ་སྙད་རྡོག་པོ་ཞིག

འགྲོས་མཉམ་པའི་ལས་དབང་དང་ལས་དབང་གི་མཚམས་སུ་བཏེགས་ཏེ།

ས་ཆེན་པོའི་རྨི་ལམ་མགྲོན་དུ་བསུ་མཁན།

གདོང་དམར་བོད་པ་ཡ་བོད་པ།  ཇི་འདྲའི་དད་ཅིང་སྟོབས།

 

 དུས་རབས་ཀྱི་སྒོ་གླེགས་སྤྲུགས་སྤུགས་གནང་བ་གསན་བྱུང་།

སྒྱུ་རྩལ་གྱི་དུངས་བས་སེམས་འདུན་མཚོན་པ་ཚོར་བྱུང་།

ཕ་སྐད་དང་ཡི་གེའི་ནང་སྙིང་མཚོན་བྱེད་ཀྱི་མར་ལོ་སེར་བོ་ཞིག

ཡར་ཀླུང་ནས་སྦྲང་དཀར་རྩམ་པའི་རོ་བཅུད་དང་བསྡོངས་ཏེ།

ཆོལ་ཁ་གསུམ་གྱི་རྟེན་འབྲེལ་དང་འགྲིག་སོང་།

གདོང་དམར་བོད་པ་ཡ་བོད་པ།   ཇི་འདྲའི་དཔའ་ཞིང་མཛངས།  

 

གངས་ཀྱི་ར་བ།                  

ས་ཆེན་གྱི་རྨི་ལམ་ལས་བསླངས་བའི་རི་རབ་ཀྱི་དཔངས།

རེ་སྨོན་སྟོང་གི་མཁའ་མཐའ་ན་ཡིད་ཀྱི་དྲན་ཤིང་བཞིན་བཙུགས།

ནམ་མཁའ་དང་བར་ཐག་ཉེ་བར་བཅར།

ཆུ་མོ་དང་ཁ་ཕྱོགས་གཏན་གྱིས་བཅད།

དུས་གསུམ་གྱི་སྐྱབས་འཇུག་ཞུ་ས་ཁྱོད་ཡིན།

ལྷག་བསམ་གྱི་མར་ཁུ་འཁྱིལ་ས་ཁྱོད་ཡིན།

བཀྲ་ཤིས་པའི་ཁ་བ་བཞིན་ངའི་སེམས་ཁོང་དུ་དལ་གྱིས་འབབ་དུས།

མཛེས་པའི་གཡུ་སྒང་གི་སྟེང་ན།

ཁྱོད་ནི་བརྗིད་ཆགས་གྲོང་ངེར་འགྱིང་བའི་གངས་རི་མཐོན་པོ་ཞིག

གངས་རི་ཡ་ནམ་མཁའ། ནམ་མཁའི་པང་གི་གངས་རི།

 

དཀྱེལ་ཡངས་ཀྱི་གཤོག་ཟུང་ལས་འཁྲུངས་བའི་ས་འཛིན་གྱི་མདངས།

ཞབས་ཏོག་པད་མོའི་གདན་སྟེང་ན་གཡུ་ཡི་མཚོ་མོ་བཞིན་བསྐྱིལ།

རྩྭ་ཐང་དང་བར་ཐག་ཉེ་བར་བཅར།

ཁ་དོག་དང་རེ་ཁ་གཅིག་ཏུ་བསྒྱུར།

དུས་གསུམ་གྱི་སྐྱབས་འཇུག་ཞུ་ས་ཁྱོད་ཡིན།

ལྷད་མེད་ཀྱི་འཛུམས་མདངས་གྲོལ་ས་ཁྱོད་ཡིན།

མེས་པོའི་དཔའ་རྡང་གི་ཤུལ་ན།

ཁྱོད་ནི་གསོན་ཤུགས་མེ་ལྟར་འབར་བའི་རྩྭ་ཐང་ཡངས་པོ་ཞིག

རྩྭ་ཐང་ཡ་ནམ་མཁའ། ནམ་མཁའི་འོག་གི་རྩྭ་ཐང་།

 

རེ་སྨོན་ཡུལ་གྱི་ཞིང་མཆོག               

ཕ་ས་གྲུ་བཞི་དད་པའི་འགྲོ་ཀུན་མི་ཡི་གནས་རེད།

གནས་མཆོག་གངས་རི་སཱ་ལའི་སྨན་ལྗོངས་ཕྱུག་མོའི་མདངས་རེད།

ཕྱོགས་བཞི་མུ་ཁྱུད་བཙན་པོས་སྟོབས་ཀྱིས་བཞེངས་བའི་མཁར་རེད།

བདེ་ཞིང་སྐྱིད་པ་རང་རེའི་འཚོ་བ་གསར་བའི་དབུ་རེད།

 

རྟ་དང་འཚེར་སྐད་འབྲོག་པའི་མཛེས་སྡུག་བཟུང་བའི་བཅུད་རེད།

ལུག་དང་འབའ་སྐད་ས་ཆུ་ཟུང་འཛིན་འཕྲོད་པའི་རྟགས་རེད།

རྫི་བོའི་གླུ་སྐད་འཚོ་བ་རྟག་བརྟན་ཡོང་བའི་གཡང་རེད།

རེ་སྨོན་ཞིང་མཆོག་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་ཡུལ་རེད།

 

རྣང་ཞིང་གྲུ་བཞི་རོང་བའི་འཚོ་བརྟེན་གྲས་ཀྱི་གཅིག་རེད།

འབྲུ་རིགས་སྣ་ལྔ་ཟས་མཆོག་སྨིན་དྲུག་དྲོན་མོའི་ཤུལ་རེད།

རོང་འབྲོག་འཆམ་མཐུན་སྔོན་བསགས་ལས་འབྲས་དཀར་པོའི་ལམ་རེད།

སྐྱིད་སྡུག་རི་མོ་མ་གྲོས་ཐོད་ལ་ཕབ་ན་འདང་རེད།

 

སེམས་པ་སེམས་ཀྱིས་གསོས་ཡོད།            

ལོ་དང་ཟླ་བའི་བར་ནས། 

ཁ་ཞེ་སེམས་ལ་ཐོགས་ཡོད།

སྔོན་གྱི་འདུག་རོགས་བུ་མོ། ཨ་རོ་འདུག་རོགས་ཡ།

དྲན་གདུང་གངས་ལ་གཏུག་ཡོད།

གངས་ཀྱི་ཁ་བ་མར་མར་བཞུས་སོང་།

ཁ་བ་བཞུས་ནས་ཆུ་བོར་གྱུར་སོང་།

ཆུ་མོའི་གཞུང་ན་སེམས་པ་བསྐྱུར་ཡོད།

སེམས་པ་འདུག་མིན་ཨ་རོ་བུ་མོ་ཁྱོད་ཀྱིས་མ་འདྲི་རོགས།

 

ཉིན་དང་མཚན་གྱི་ཀློང་ནས།

སྙིང་གཏམ་མུན་པར་བཅོལ་ཡོད།

དེང་གི་འགྲོ་རོགས་བུ་མོ། ཨ་རོ་འགྲོ་རོགས་ཡ།

བརྩེ་དུང་ལྷ་ལ་གཏད་ཡོད།

ལྷ་ཡིས་བྱིན་རླབས་མར་མར་བསྩལ་བྱུང་།

བྱིན་རླབས་འགྱུར་ནས་དངོས་གྲུབ་བབས་བྱུང་།

དངོས་གྲུབ་གསེང་ནས་སེམས་པ་བངས་ཡོད།

སེམས་པ་ཆགས་མིན་ཨ་རོ་བུ་མོ་ཁྱོད་ཀྱིས་མ་འདྲི་རོགས།

 

ཡིད་ཀྱི་བརྟེན་ས་ཁེན་ཡུལ།  

ཚིག་གི་ནང་སྙིང་བསླས་པའི་མཁའ་ཡི་དུང་ཟླ་དཀར་མོ།

ས་ཆེན་པོ་གསེར་གྱི་གཞོང་བའི་དབུས་ན་ཁྱོད་ནི་ལས་གྱི་སྨོན་ལམ་ཞིག

ལས་མཐའ་མའི་གུར་གྱི་རྒྱ་ཕིབས་འོག་ན་ཁྱོད་ནི་ཤེལ་གྱི་འབྱུང་འགྱུར་ཞིག

དམ་བཅའ་ཁོག་ཏུ་སྦས་ཡོད།

གསུང་གི་བདུད་རྩི་འཕྱུར་ཡོད།

ང་ཡི་སེམས་ཀྱི་བརྟེན་ཡུལ།

སྙིང་གི་ཕྱེད་ཀ་རྟོགས་པའི་བརྟེན་ས་བརྟེན་ཡུལ།

ལས་དང་ལས་ཀྱི་བར་ལ་ལས་སྐལ་ཆད་རྒྱུད་མེད་ན།

ཨ་མས་གཅེས་ཕྲུག་འཛིན་འཛིན་གྱིས།

མཐུན་པའི་འཇིག་རྟེན་སྣང་བ་འགལ་རྒྱུ་མེད་ན།

མེས་པོའི་ངག་རྟ་ཉན་ཉན་གྱིས། སྐལ་བ་བཟང་བོ་ལ།

བཟང་བོ་གཉིས་འཛོམས་སུམ་འཛོམས། ང་ཚོ་ཚང་མ་དགའ་རོགས་སྐྱིད་རོགས་ཡིན།

 

སེམས་ཀྱི་མཛེས་པ་གྲོལ་བའི་སྙིང་གི་མེ་ཏོག་ཆུན་པོ།

སྤང་སྔོན་མོ་རིན་ཆེན་གདན་གྱི་སྟེང་ན་ཁྱོད་ནི་གསེར་གྱི་ཕྲ་རྒྱན་ཞིག

ཆུ་དྭངས་མོ་ཤག་ཤག་རླབས་སྒྲའི་ཁྲོད་ན་ཁྱོད་ནི་དངུལ་གྱི་རླབས་རིས་ཤིག

བརྩེ་གཞས་རླུང་ལ་བསྐུར་ཡོད།

སེམས་པའི་བང་རིམ་གཏོར་ཡོད།

ང་ཡི་སེམས་ཀྱི་ཁེན་ཡུལ།

སྐྱིད་སྡུག་ཀ་བར་འདེགས་པའི་འཁེན་ས་འཁེན་ཡུལ།

སེམས་པའི་བར་ལ་བར་ཆད་གང་ཡང་མེད་ན་།

བརྩེ་བའི་ལག་ཟུང་དམ་པོར་གྱིས།

སྐལ་བའི་སྔོན་འགྲོ་ཟློག་ཏུ་མེད་ན།

ཚེ་རབས་མདུད་པ་ལྷོད་མེད་ཀྱིས། སྐལ་བ་བཟང་བོ་ལ།

བཟང་བོ་གཅིག་འཛོམས་གཉིས་འཛོམས། ང་ཚོ་ཚང་མ་འགྲོ་རོགས་འདུག་རོགས་ཡིན།

 

སེམས་ཀྱི་ལྷ་མོ།     

སེམས་ཀྱི་གཤོག་པ་རླུང་གི་སྤུར་གྲི་བཞིན།

ཉི་མའི་མིག་ཆུ་ཤེལ་གྱི་གུར་ཁང་བཞིན།

ཁྱོད་རང་ཁ་ཐག་རིང་བས་ང་ཡི་ཁྱིམ་དུ་ཕེབས།

ང་ཡི་ཁྱིམ་དུ་ཕེབས་ཏེ་དུང་གི་ཟླ་བ་བྲིས།

ཟླ་བའི་ནང་ལ་སྡུག་པའི་ལྷ་མོ་བཞེངས།

ལྷ་མོ་ལྷ་མོ་ཟེར་བ་ལྷ་བྱ་དཀར་མོའི་བདག་མོ།

ང་ཡི་ཉི་ཟླའི་རྣ་ལོང་།

སེམས་ཀྱི་ལྷ་མོ་ཁྱོད་རང་།

 

འཚེར་རིས་འཇའ་ཚོན་མར་མེ་ཚེ་སྲོག་བཞིན།

བཀྲག་མདངས་རི་མོ་དབུ་ཡི་ཅོད་པན་བཞིན།

ཁྱོད་རང་ཁ་ཐག་རིང་བས་ང་ཡི་གམ་དུ་བཅར།

མཛེས་པའི་ནང་ལ་སྣང་བའི་གཟུགས་བརྙན་འཁྱིལ།

མཛེས་པ་མཛེས་པ་ཟེར་བ་སེམས་པའི་རང་གཟུགས་དྲོན་མོ།

ང་ཡི་སྣང་བའི་འགྱུ་བག

སེམས་ཀྱི་ལྷ་མོ་ཁྱོད་རང་།

 

བརྩེ་བའི་དུང་ཟླ་སེམས་ཀྱི་དྲོད་ཁོལ་བཞིན།

ཟླ་བའི་ཁ་དོག་མིག་གི་ལང་ཚོ་བཞིན།

ཁྱོད་རང་ཞེ་ཐག་ཉེ་བས་ང་ཡི་སེམས་སུ་བབས།

སེམས་པའི་ནང་ལ་ལག་པའི་ཕྱི་ནང་བྲིས།

ཕྱི་ནང་ཕྱི་ནང་ཟེར་བ་ལྷ་བྱ་དཀར་མོའི་ནང་སྙིང་།

ང་ཡི་དུས་གསུམ་ལྷ་བྱ།

སེམས་ཀྱི་ལྷ་མོ་ཁྱོད་རང་།

 

མེ་ཏོག་གངས་ལྷ། 

མཐོན་པོ་ཡུལ་གྱི་གནས་རི་དེར།   

ཁ་བ་དཀར་བོའི་ན་བཟའ་བཀླུབས་ཡོད།

འདབ་མ་གཉིས་ལྡན་བཞིན་གྱི།  

ཡན་ལག་བརྒྱད་ལྡན་བཞིན་དུ།

སྭོ་ཡ་ལ་སོ།   ཡ་ལ་སོ།

སྔོ་མེར་འཁྱིལ་བའི་མཚོ་ཆེན་དྭངས་མོས།  

ངང་བ་སེར་བོའི་ཞེ་མཐུན་བསྐྱུར་ཏེ།

མི་འདུག་མི་བཟོད་སྨྲེང་སེམས་དག་གིས།  

ངུ་ཤུམ་མཆི་མ་ཆགས་ཏུ་སྦྲུམ་སོང་།

 

ཉག་ག་གན་གྱི་ལབ་ཙེ་དེར།     

མགོ་ནག་བོད་པའི་སྐྱིད་སྡུག་སྒྲེང་ཡོད།

རླུང་གི་གཤོག་པ་བཞིན་གྱི།     

གཡུ་ཡི་འདབ་མ་བཞིན་དུ།

སྭོ་ཡ་ལ་སོ།   ཡ་ལ་སོ།

སྟོད་ན་གནས་བའི་མེ་ཏོག་གངས་ལྷས། 

སེང་གེ་དཀར་མོའི་གཡུ་རལ་བཅོམ་སྟེ།

སྐྱ་ཆད་སྔོ་སྡུག་ལག་པས་སྙོབ་བཞིན།  

དགེ་བཅུའི་ལང་ཚོ་ས་ལ་འཐིམས་སོང་།

 

སྲོག་དང་འདུས་བའི་དུས་ཚིགས་དེར།  

ཁུ་བྱུག་སྔོན་མོའི་དར་རྒུད་འདུས་ཡོད།

ཁྱེད་ཀྱི་མཛེས་སྡུག་བཞིན་གྱི།     

ང་ཡི་ལང་ཚོ་བཞིན་དུ།

སྭོ་ཡ་ལ་སོ།   ཡ་ལ་སོ།

བྱུ་ཁྱུ་རྒོད་པོ་འཕུར་ཐེངས་ཤིག་གིས།  

ང་ཡི་བདེ་སྐྱིད་གང་ལ་ཁྱེར་སོང་།

བདེ་སྐྱིད་བདེ་སྐྱིད་འགྲོ་བའི་བདེ་སྐྱིད། 

བདེ་བ་བྱེད་པའི་མཐའ་ནས་སྐྱིད་ཅིག



བཀྲ་ཤིས་གནམ་ལོ་བསུ།


ཚིག  རུ་མཚེར་དབང་ཚེ།

དབྱངས།  འཇམ་དབྱངས་བསྟན་འཛིན།

ལེན་མཁན།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ།

 

སྐྱིད་བཀྲ་ཤིས་བསྐལ་བ་ཡར་འགྲོ་ལ།

ལས་རླུང་རྟ་གངས་སྟོད་མཐོན་པོར་འདྲེན།

བསང་གཡུ་དུད་སྔོན་མོའི་དཀྱིལ་འཁོར་ན།

ལྷ་བླ་མའི་གསུང་གི་གྲུ་ཆར་འཇོ།

 

སྐྱིད་གཡུ་ལོ་བཀོད་པའི་ཞིང་མཆོག་ན།

བཀྲ་ཤིས་པའི་དུང་སྒྲ་ལྷང་སེ་ལྷང་།

མ་སེམས་ཅན་འགྲོ་ཀུན་བདེ་ཞིང་སྐྱིད།

སྐྱིད་གནམ་ལོ་གསར་བའི་རྟེན་འབྲེལ་ཡག

 

སྐྱིད་གནམ་ལོ་གསར་ཚེས་གཡང་གིས་འགྲིག

གཡང་བྱིན་རླབས་དངོས་གྲུབ་ཆར་བཞིན་བབས།

ཆར་བདུད་རྩི་བསིལ་མ་བོད་ནས་དར།

བོད་དར་ཞིང་རྒྱས་པའི་བཀྲ་རེ་ཤིས།

 

སྐྱིད་གཡང་ཁྱིམ་གྲུ་བཞིའི་གདན་སྟེང་ན།

ཡུལ་ཕ་མ་ཉི་ཟླ་ཉིས་འཛོམས་རེད།

ནང་བུ་ཕྲུག་སྐར་ཚོམ་ཤར་འདྲ་རེད།

ལས་བསོད་ནམས་དགུང་ནས་རང་ཤར་རེད།

 

སྐྱིད་ཉི་གཞོན་དང་པོས་སྐྱ་རེངས་བཀྱགས།

ཟས་དཀར་གསུམ་མངར་གསུམ་མགྲོན་ལ་ཕུལ།

ཤ་ཇ་ཆང་འཛོམས་པའི་སྡེར་ཞིག་བརྩིགས།

བདག་གཞི་མགྲོན་ཐམས་ཅད་སྐྱིད་ལ་རོལ།

 

 སྐྱིད་གནམ་ལོ་གསར་ཚེས་གཡང་གིས་འགྲིག

གཡང་བྱིན་རླབས་དངོས་གྲུབ་ཆར་བཞིན་བབས།

ཆར་བདུད་རྩི་བསིལ་མ་བོད་ནས་དར།

བོད་དར་ཞིང་རྒྱས་པའི་བཀྲ་རེ་ཤིས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།