ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ཡུལ་འབྲོག་སེང་སྐལ་བྷེའི་གཞས་ཚིག་ལེགས་བཏུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

141.jpg

འབྲོག་སེང་སྐལ་བྷེ།  དངོས་མིང་ལ་སྐལ་བཟང་རྒྱལ་ཟེར་ཞིང་། ཕ་ཡུལ་ནི་མཚོ་སྔོན་འབའ་རྫོང་དང་།  དྲྭ་མིང་ལ་འབྲོག་མོ་སྣུམ་ལོག་མ་རུ་འབོད། ཁོང་གི་བརྩམས་ཆོས་ལ《ཁྱུང་མཆུའི་ཉིན་གསུམ》དང《གསེར་ཐང་གི་ན་ཟླ་གླེང་བ》《བྱུ་རུའི་ནང་གི་གཟི་ཁྲ》《གངས་ཆར་གྱིས་བཙས་པའི་འབྲོག་མོ་སྣུམ་ལོག་མ》《སྲིང་ཆུང་འབྲུག་ཡག་མ》སོགས་རྒྱལ་ནང་དུས་དེབ་རྩེ་གྲས་དག་ཏུ་བཀོད་མྱོང་ལ《མེ་སྟག་ལ་དུང་པའི་རྔོན་པ》ནི་ཁོང་གི་སྒེར་དེབ་ཐོག་མ་སྟེ《གཅེས་ཕྲུག་མ་ང་ཡི་རྒྱབ་གཟུགས་མ་འབོར》ཅེས་པ་སོགས་ད་ལྟ་འབྲི་བཞིན་པའི་བརྩམས་ཆོས་རིང་ཤོས་དེ་རེད།

གཞན་ཡང་ད་ལྟའི་བར་དུ་གཞས་ཚིག་བརྒྱ་ཤོག་ལྷག་བརྩམས་མྱོང་ལ་བོད་ཁམས་ན་མིང་གྲགས་ཆེ་བའི་རྡུང་ལེན་མཁན་ནམ་མཁས་བླངས་པའི《ལྷ་བྱ་ལགས》སོགས་གཙོས་གྱུར་གྱི་ཞིང་ཆེན་ཕྱི་ནང་གི་གཞས་མཁན་མང་པོའི་ཁོ་བོའི་གཞས་ཚིག་ལ་གདེང་འཇོགས་བླ་མེད་ཐོབ་ཡོད།

སྤྱི་ལོ་ཉིས་སྟོང་ནས་བཟུང་སྟེ་འབྲོག་ཁུལ་ཡིག་རྨོངས་སེལ་བའི་དང་བླངས་ལ་ཞུགས་པ་དང་གངས་ལྗོངས་འོད་འབར་རྨོངས་སེལ་ཚོགས་པ་ཟེར་བ་ཞིག་བཙུགས་ནས་འབའ་རྫོང་ཞོལ་མ་ས་ཁུལ་གྱི་འབྲོག་པའི་ཡིག་རྨོངས་ལ་བྱས་རྗེས་མངོན་གསལ་བཞག་ལ་མགོ་ལོག་དང་རྨ་ལྷོ་མཚོ་ནུབ་སོགས་ནས་འབྲོག་པ་མང་ཚོགས་ལ་ཡིག་རྨོངས་སེལ་བའི་ཟབ་སྦྱོང་ཐེངས་བརྒྱ་དང་གསུམ་ལ་སྒྲུབ་པ་རེད།

《གསེར་གྱི་སྒྲོག་གུ།》

ཁྱོད་གྲང་དུས་གྲང་གི་མ་ཟེར།།
དབྱར་ཕ་མ་མི་འགོར་མཇལ་ཡོང་།།
དྲོད་ཉི་མའི་དཀྲིས་གསུམ་རྒྱག་ངེས།།
གྲོཊ་བསམ་དོན་དེ་དུས་འགྲུབ་ཡོང་།།


ཁྱོད་་དབུལ་དུས་ཅ་ནེ་མ་གཡུག།
ཁྱིམ་འདི་ནི་ལྷ་ཁྱིམ་གུར་ཁྱིམ།།
ལྷ་སྒྲོལ་མ་སང་ཉིན་བྱོན་ཡོང་།།
ནང་སྨུག་སྨུག་ནོར་གྱིས་ཁེངས་ཡོང་།།


ཁྱོད་ཕམ་དུས་ཨ་ཐང་མ་ཆད།།
རྐང་རུས་པ་མ་བརྡུང་སྡོད་དང་།།
སྟག་ཤ་རའི་དཔུང་རྡང་བསྒྲིཊ་ཏེ།།
ས་ཆེན་པོའི་རོལ་དབྱངས་དཀྲོལ་ཡོང་།།


ཁྱོད་སྡུག་ན སྡུག་ཏེ་མ་གླེང་།།
སྡུག་རྨ་ཁ་ཁོག་ལ་བཅུག་ནས།།
གོས་མང་འབྲུག་རྒྱབ་ལ་གོན་དང་།།
སྟེང་གསེར་སྒྲོག་ཕུ་ནུའི་བཏགས་ཡོང་།།

《ངས་མ་བླངས་འབྲི་མར་སེར་པོ་ཡིན།》

ཆུ་གཙང་བོ་བཞུར་ཡག་འཁྱིལ་ཡག་རེད།།
ཉ་གསེར་མིག་གར་འཁྱུག་རང་ལག་རེད།།
དར་ཆགས་ནས་རྒས་ཉམས་མ་ཤར་ན།།
ཆུ་གཙང་བོ་ཕ་མའི་ཕ་མ་རེད།།


ས་ཆེན་པོ་བང་རིམ་དགུ་བརྩེགས་རེད།།
ནང་འབྲོང་བརྒྱ་དེ་ཡི་ཡང་ཏོག་རེད།།
དགུན་བཅུ་བའི་ས་ལམ་མ་འགྱུར་ན།།
ས་དེ་ནི་ཕ་ས་སྨུག་སྨུག་ཡིན།།


བུ་དཔའ་བོ་གླིང་རྗེ་གེ་སར་རེད།།
ད་བཤད་ན་གནའ་གཏམ་རྐྱང་རྐྱང་རེད།།
ཚིག་ལོ་རྒྱུས་འགྱུར་བ་མ་བྱུང་ན།།
བུ་ངོ་མ་བོད་ཀྱི་སྐྱེས་རབས་རེད།།


གཞས་སྙན་མོ་བརྒྱ་བླངས་སྟོང་བླངས་རེད།།
ངས་མ་བླངས་འབྲི་མར་སེར་པོ་ཡིན།།
འབྲོག་འབྲི་མོ་གཡང་དང་མ་བྲལ་ན།།
གཞས་བཞོ་དབྱངས་ནངས་འགུག་དགོང་འགུག་ཡིན།།

《སྨན་གྱོ་ཐོག་ནང་གི་ཡང་ཏོག།》

དོན་འགོ་མ་རྨི་ལམ་ནང་ནས་རྙེད།།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
གཡུ་བྱུ་རུ་འདོཊ་པའི་འབྲོག་ཕྲུག་མ།།
མིག་རྫི་མའི་བར་གྱི་ལེཊ་བྲིས་ཡིན།།


ཚིག་སྙན་མོ་ཀུ་རེ་རྩེད་ཞོར་གླེང་།།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
སྐྲ་ལན་བུ་ཅན་གྱི་འབྲོག་ཕྲུག་མ།།
ལྕེ་དར་མའི་ཁུག་གི་མགུར་མ་ཡིན།།


སྨན་གང་ཡག་ནང་གི་དེ་ཡག་ཞིག།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
གོས་ཚ་རུའི་ནང་གི་འབྲོག་ཕྲུག་མ།།
སྨན་གྱོ་ཐོག་ནང་གི་ཡང་ཏོག་ཡིན།།


སྦྲ་རོག་རོག་གངས་རྒྱན་མེ་ཏོག་རེད།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
དགོ་བཞོ་དབྱངས་འགུག་མཁས་འབྲོག་ཕྲུག་མ།།
ངས་བསམ་ན་གཡང་གི་རུ་མ་ཡིན།


འབྲོག་རུ་སྡེ་རླུང་གི་རལ་དུས་སུ།།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
ཆོས་དད་པ་ཅན་གྱི་འབྲོག་ཕྲུག་མ།།
གངས་ཉི་མའི་བར་གྱི་ལྷག་འཕྲོ་ཡིན།།

《རྒྱལ་ཁམས་བརྩེ་བའི་གཞས།》

མཐོན་པོ་གངས། ང་ཡི་གཞས་ཡིན།
བདེ་མོ་སྤངས། ང་ཡི་གཞས་ཡིན།
ཕར་སོང་ན་འཛམ་གླིང་གངས་ལྗོངས་རེད།
ཚུར་འཁོར་ན་རང་ཡུལ་སྨུག་པོ་རེད།
གཞས་འདི་སྲིད་གསུམ་རྩེ་ནས་ལེན།
གཞས་འདི་འཛམ་གླིང་མི་ལ་ལེན།
གཞས་འདི། མཐོན་པོ་གངས་ཡིན།
གཞས་འདི། བདེ་མོ་སྤངས་ཡིན


ཉི་མའི་གླིང་། ང་ཡི་གཞས་ཡིན།
ཟླ་བའི་མདངས། ང་ཡི་གཞས་ཡིན།
ཕར་སོང་ན་འཛམ་གླིང་ཉི་ཟླ་རེད།
ཚུར་འཁོར་ན་རང་ཡུལ་འོད་སྣང་རེད།
གཞས་འདི་རྒྱལ་ཁམས་འགྲིམ་ནས་ལེན།
གཞས་འདི་སེམས་པའི་གཏིང་ནས་ལེན།
གཞས་འདི། ཉི་མའི་དྲོད་ཡིན།
གཞས་འདི། ཟླ་བའི་མདངས་ཡིན།


རྨ་འབྲིའི་རྒྱུན། ང་ཡི་གཞས་ཡིན།
གཡུ་ཡི་མཚོ།   ང་ཡི་གཞས་ཡིན།
ཕར་སོང་ན་འཛམ་གླིང་ཆུ་བོ་རེད།
ཚུར་འཁོར་ན་རང་ཡུལ་ཆུ་འགོ་རེད།
གཞས་འདི་ཁྱོད་དང་ང་ལ་ཡོད།
གཞས་འདི་སེམས་དང་སེམས་ན་ཡོད།
གཞས་འདི། རྨ་འབྲིའི་རྒྱུན་ཡིན།
གཞས་འདི། གཡུ་ཡི་མཚོ་ཡིན།

《སྐྱོ་སྡུག་གི་མིག་ཆུ།》

ནངས་སྔ་མོའི་ཉི་རྩེ་འཇམ་པོ།།
གསེར་ལམ་མེར་ཤར་ནས་ཡོང་ན།།
དྲིན་ཨ་མའི་ལང་ཚོ་དྲན་ཀི།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།།


དགོང་ཕྱི་དྲོའི་ཉི་རྩེ་སེར་པོ།།
རི་ཉག་ནས་འཇའ་ལ་བྱོས་ན།།
ལོ་དྲུག་ཅུའི་ཨ་མ་དྲན་ཀི།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།།


རི་མཐོ་མཐོ་ཁ་མདངས་མཛེས་པོ།།
གངས་དཀར་པོས་གཡོག་ཏེ་ཡོང་ན།།
དབུ་དཀར་བོའི་ཨ་མ་དྲན་ཀི།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།།


ཆུ་གཙང་བོ་བཞུར་ཡག་འཁྱིལ་ཡག།
དར་ཆཊ་ཏེ་རྒས་ཉམས་ཤར་ན།།
དྲིན་ཨ་མ་དྲན་ནས་མི་བཟོད།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།། 

《གནའ་བོའི་འབྲོག་མོ་དྲན་ཚུལ།》

སྦྲ་དང་འབྲོག་མོ་གཉིས་ཀ།
སྐལ་བ་ཆཊ་པའི་སྔོན་མ།
གངས་དང་སྲིད་པའི་བར་གྱི།
རྨི་ལམ་འཐུ་བའི་ཐོག་མ།


ཕར་ལ་ཁམས་བདེ་ཞུས་དུས།
ཚུར་ལ་འཛུམ་ཆུང་གྲོལ་བྱུང་།
སྨྲ་བ་མང་པོ་མེད་ཀྱང་།
སྔོན་ནས་འདྲིས་པ་འདྲ་འདུག


དགོད་ཞོར་ཚིག་གི་རྩ་བ།
སེམས་ཀྱི་གཏིང་མ་ཡིན་པ།
ཨ་ཅག་འབྲོག་མོ་རྣམས་ཀྱི།
རྩ་བའི་སྔོན་འགྲོ་དེ་རེད།


ཆ་རྐྱེན་མང་པོ་མི་འདོན།
མནའ་དང་ཚིག་གི་དམ་བཅའ།
འགྲོཊ་ཡུན་ཉིན་གསུམ་ཡིན་ཡང་།
བརྩེ་དུང་དབུ་འཁྱུད་ཉན་དགོས།


ང་ཡི་མིང་ནི་མི་འདྲི།
ཁོ་མོའི་མིང་ཡང་མི་བཤད།
ལྐོག་གྱུར་ཡིན་པས་ལས་སྐལ།
སྒོ་ཁྱིའི་མ་གཏོགས་མི་ཤེས།


ཁྲེལ་དང་ངོ་ཚ་ཟེར་ནས།
གསང་བ་གསང་བའི་ལོ་ཟླ།
གོས་དཀར་གོང་བུར་རལ་བ།
སྨིན་དྲུག་ཁྲ་མོས་མཐོང་ཡོད།


ལ་གཞས་ནང་གི་སེམས་པ།
རི་གསུམ་རྩེ་ན་ལྷག་ཤིང་།
སེམས་པའི་ནང་གི་དྲན་པ།
དེ་ཡི་ནང་ནས་རྙེད་ཡོང་།


རང་དབང་བརྩོན་ལེན་མི་བྱེད།
གཞན་དབང་རྒོལ་ལན་མི་གཏོང་།
ལས་དབང་ཐོད་པའི་རི་མོ།
མི་ཚེའི་ཁ་བྱང་ཡིན་འདུག།


དགའ་ཞེས་འུར་སྒྲོཊ་མི་བྱེད།།
དྲན་ཞེས་ཚད་བརྒལ་མི་འདུག།
རང་སེམས་རང་གིས་གསོས་ནས།།
སྡེ་ཆེན་གྲོང་ནས་ལུས་འགྲོ།།


ཕུ་ཐུང་ལྟེབས་མའི་བར་གྱི།།
ལ་གཞས་མཐུན་པ་དགུ་ལྟེབས།།
ཀློག་དང་གྱེར་མཁན་མེད་པ།།
སྐྱེ་བ་སྔོན་གྱི་ལས་རེད།།


དཔྱིད་ལ་རླུང་གི་རལ་རོགས།།
དབྱར་ལ་སྤྲིན་པའི་ངུ་རོགས།།
སྟོན་ལ་སྨུག་ཆེན་བཅིབས་རོགས།།
དགུན་ལ་ཁ་བའི་ཞུ་རོགས།།


དུས་དང་སྐལ་བའི་ཁྲོད་ནས།།
སུ་དང་གང་གིས་མ་ཤེས།།
རི་དང་སྤངས་ལ་འཐིམས་ནས།།
མི་ཚེའི་སྣང་བ་བོར་སོང་།།


གནམ་ལ་ལྷ་ཚོགས་ཞུ་ཞུ།།
མཚོ་ལ་ཀླུ་ཚོགས་ཞུ་ཞུ།།
སེམས་ལ་དད་པ་ཆགས་ཆགས།།
རེ་བའི་ཉི་ཟེར་རྐྱང་རྐྱང་།།


འབྲོག་མོ་གངས་ན་ཡོད་འདུག།
གངས་ལྷ་མེ་ཏོག་ཡིན་འདུག།
ཉི་མའི་གླིང་གི་དྲོད་ཆབ།།
སེམས་དང་བསམ་པ་ཡིན་འདུག།

《ལྷ་བྱ་ལགས།ཁུ་བྱུག་སྔོན་མོ།》

 ལྷ་བྱ་ལགས།  ལྷ་བྱ།  ཁུ་བྱུག་སྔོན་མོ། 
 ཕྱིར་མིག་གི་ལང་ཚོ་ཁྱེར་ནས།།  
 ལྷོ་ཕྱོགས་ཀྱི་མགྲོན་ལ་བཞུད་དུས།། 
 ཁྱོད་འབབ་སའི་རྫ་རི་སྨུག་པོ།།
 ཁྱོད་གྲགས་སའི་ནཊ་ཀླུང་ཕྱུག་མོ།།
 རྫི་གླུ་དང་མེ་ཏོག་རེ་རེ།། 
 ད་དུང་ཁ་བའི་ཁྲོད་ན་མཛེས།། 


 ལྷ་བྱ་ལགས། ལྷ་བྱ། ཁུ་བྱུག་སྔོན་མོ།  
 བརྩེ་དུང་གི་གླུ་ངག་ཁྱེར་ནས།། 
 ལྷོ་ཕྱོགས་ཀྱི་མགྲོན་ལ་བཞུད་དུས།།
 ཁྱོད་འབབ་སའི་སུ་རུ་མེ་ཏོག།
 ཁྱོད་གྲགས་སའི་སྤང་ལྗོངས་སྔོན་མོ།།
 མཚམས་སྤྲིན་དང་འཇའ་ཚོན་རེ་རེ།།
 ད་དུང་ཁ་བའི་ཁྲོད་ན་མཛེས།།


 ལྷ་བྱ་ལགས། ལྷ་བྱ། ཁུ་བྱུག་སྔོན་མོ།
 གངས་ལྗོངས་ཀྱི་མཛེས་སྡུག་ཁྱེར་་ནས།།
 ལྷོ་ཕྱོགས་ཀྱི་མགྲོན་ལ་བཞུད་དུས།།
 ཁྱོད་དགའ་སའི་མགོ་ནག་བོད་པ།།
 ཁྱོད་དུང་སའི་མཐིང་སྨུག་སྦྲ་ཆུང་།།
 ལ་རྒྱ་དང་རྨི་ལམ་རེ་རེ།། 
 ད་དུང་ཁ་བའི་ཁྲོད་ན་མཛེས།།

  《གངས་དང་ཁ་བའི་ལྷག་འཕྲོ།》

ང་ཚོ་ཉི་མའི་བཙས་ཤིང་ས་གཞིའི་རྙེད་པས།
གངས་དང་ཁ་བའི་ལྷག་འཕྲོ་ཡིན།
ང་ཚོ་རི་ལ་འཐིམས་ཤིང་ཆུ་བོར་དྲངས་བས།
ས་དང་རྡོ་ཡི་རྣམ་ཤེས་ཡིན།
(ཡ་རེ་ལོ  གླུ་ཞིག་ལེན)

ཕར་སོང་ན་གངས་ལྗོངས་འཛམ་གླིང་རེད།
ཚུར་ཡོང་ན་འཛམ་གླིང་ཉི་མ་རེད།
དགུང་ཡར་སྟོད་ལྷ་ལམ་ཡངས་ནས་དགོས།
སེམས་བསམ་པའི་གཟུང་ཐག་དམ་ནས་དགོས།


ང་ཚོ་ཁ་བས་བཙས་ཤིང་ཆུ་བོས་རྙེད་པའི།
འགྲོ་བའི་མིག་ཟུངས་འཁོར་ས་ཡིན།
ང་ཚོ་སྤངས་ལ་འཁྲུངས་ཤིང་ནཊ་ལ་སྐྱེས་བའི།
སྐལ་བ་ཆཊ་པའི་སྔོན་མ་ཡིན།
(ཡ་རེ་ལོ  གླུ་ཞིག་ལེན)

སྟོད་སྟོད་ན་གསེར་གྱི་ལུང་པ་ཡོད།
སྨད་སྨད་ན་དངུལ་གྱི་མཚོ་མོ་ཡོད།
ཕ་ཡུལ་མ་འགྱུར་སྙན་གྲཊ་མ་ཉམས་དགོས།
སྙན་གྲཊ་མ་ཉམས་ཕ་ས་མ་མནོག་དགོས།


ང་ཚོ་རྒོད་པོས་བཙས་ཤིང་སྤྲིན་པའི་རྙེད་པས།
ཉི་ཟླའི་རུམ་གྱི་གཅེས་ཕྲུག་ཡིན།
ང་ཚོ་སྟོད་ནས་ཆཊ་ཤིང་སྨད་ལ་རྒྱས་པས།
མི་ཡི་ཡུལ་གྱི་བོད་པ་ཡིན།
(ཡ་རེ་ལོ  གླུ་ཞིག་ལེན)

དྲིན་ཕ་མ་འདྲ་བའི་ཕ་ས་ལ།
བྲང་ནུ་ཞོ་འདྲ་བའི་གསོས་འདང་ཡོད།
ཕྱི་ཁོ་ར་ཁོར་ཡུག་གཙང་ནས་དགོས།
དྲིན་འཇལ་བའི་བསམ་པ་བརྟན་ནས་དགོས།

《མི་སེམས་སྟོན་པའི་སྟོན་པ།》

ལན་ཅིག་འཛོམས་པའི་ཆང་ཕོར།།
གཡུ་འབྲུག་འོ་མས་བཙས་སོང་།།
སླར་ཡང་འཛོམས་པའི་སྨོན་ལམ།།
དབྱར་གསུམ་ཆར་བས་བཙས་ཆོག།   
དགུན་དང་འགྲོགས་པའི་རྨི་ལམ།།
སེམས་ཀྱི་བརྩིགས་པ་མིན་ན།།
རྟུལ་ཕོད་ཉིན་མཚན་བར་ནས།།
རུས་རྐང་འཇིབས་དོན་མི་འདུག།


ཨ་ཅེ་འབྲོག་མོའི་ལས་དབང་།།
གངས་དང་ཁ་བས་བཙས་སོང་།།
ཕྱིར་འོང་མེད་པའི་ལོ་ཟླ།།
ནམ་མཁའི་ལྷ་ཡིས་བཙས་ཆོག།
རྨི་ལམ་ནང་གི་རྨི་ལམ།།
གནམ་སའི་རྨུ་ཐག་མིན་ན།།
འཁོར་བའི་ཕྱི་ཁྱིམ་བར་ནས།།
སུ་ཞིག་བོར་བ་མ་གསལ།།


དྲན་པ་གང་རེད་ཟེར་ན།།
ཤ་དང་རུས་པས་བཙས་སོང་།།
མི་སེམས་སྟོན་པའི་སྟོན་པ།།
ལུང་དང་རིག་པས་བཙས་ཆོག།
འཕྲེད་གླིང་ནང་གི་སྐད་ཆ།།
ཕན་ཚུན་མགྲིན་ཚབ་མིན་ན།།
ཚངས་དབྱངས་ལྷ་མོའི་རོལ་ཆ།།
དཀྲོལ་དང་མ་དཀྲོལ་མི་འདུག།

《ཨ་མ། དུས་དང་སྐལ་བའི་མཛེས་སྡུག》

ནམ་མཁའི་དབྱིངས་ཀྱི་ཉི་མ།
ཉི་མ་ལས་ཀྱང་དྲོ་དྲོ།
ནམ་མཁའི་མཐའ་དང་མཉམ་པས།
ཨ་མ། ཨ་མ། ཨ་མ།
བཟོད་པའི་ཕ་རོལ་ཕྱིན་པས།
ཨ་མ། ཨ་མ། ཨ་མ།
ཚིག་ལ་འགྲེལ་ན་རྗེ་བཙུན་མགུར་མ།
དབྱངས་ལ་བཀུག་ཚེ་ཡིད་ཀྱི་དྭངས་འདྲེན།


ནམ་མཁའི་དབྱིངས་ཀྱི་ཟླ་བ།
ཟླ་བ་ལས་ཀྱང་མཛེས་མཛེས།
སྲིད་པའི་མཐའ་དང་མཉམ་པས།
ཨ་མ། ཨ་མ། ཨ་མ།
བྱང་ཆུབ་སེམས་ཀྱིས་དག་པས།
ཨ་མ། ཨ་མ། ཨ་མ།
རྒྱལ་ཁམས་བརྩེ་བའི་ལྷ་མོ་ཁྱེད་ཡིན།
དུས་དང་སྐལ་བའི་མཛེས་སྡུག་ཁྱེད་ཡིན།


ནམ་མཁའི་དབྱིངས་ཀྱི་སྐར་མ།
སྐར་མ་ལས་ཀྱང་གསལ་གསལ།
གླིང་བཞིའི་མཐའ་དང་མཉམ་པས།
ཨ་མ། ཨ་མ། ཨ་མ།
མི་ཡུལ་བདེ་སྐྱིད་འདྲེན་པས།
ཨ་མ། ཨ་མ། ཨ་མ།
གྲགས་པ་གཏེར་གྱི་མཚན་སྙན་བཟུང་ནས།
ང་ལ་འོད་ཀྱི་འཇིག་རྟེན་བསྐྲུན་བྱུང་།

《རྨི་ལམ་གྱི་གཤོག་རྩལ་རྒྱས་ས།》

 ང་དང་ཐང་དཀར་རྒོད་པོས།
རྩྭ་ཐང་གི་ལྟེབས་མ་བཤིགས་ཀྱང་།
རི་ཆུ་མང་པོ་སེམས་ཀྱི་ཟབ་སར་བཅུག་ནས།
རྒྱང་ལ་ཆས་ཤིང་རྒྱང་ནས་ལོག་ཡོང་།
བྱིས་དུས་ཀྱི་རྨི་ལམ་སྐོང་ས།
གཞོན་དུས་ཀྱི་སྣང་བ་གསལ་ས།
འབའ་ཡུལ་གཡང་གི་རྭ་བ།
གཞས་ལ་བཀུག་ན་ཚིག་གི་ང་རོ་ཡིན།
ཚིག་ལ་བཏབ་ན་དབྱངས་ཀྱི་འགྱུར་ཁུག་ཡིན།
སེམས་ཨ་ལོང་ནང་གི་ཡང་ལོང་སྟེ།
མིག་དང་རྫི་མའི་བར་གྱི་མཚར་སྡུག་ཡིན།
ཤ་དང་རུས་པའི་གཏིང་གི་སྙིང་སྡུག་ཡིན།


ང་དང་ཁུ་བྱུག་སྔོན་མོས།
མི་ཡུལ་གྱི་ཁ་གཡང་ཁུར་ཅིང་།
ཕ་གཞིས་དྲོད་མོ་སེམས་ཀྱི་ཟབ་སར་ཉར་ནས།
རྒྱང་ལ་ཆས་ཤིང་རྒྱང་ནས་ལོག་ཡོང་།
རྨི་ལམ་ལ་གཤོག་རྩལ་རྒྱས་ས།
ལང་ཚོ་ཡི་འདབ་མ་བཞད་ས།
འབའ་ཡུལ་གཡང་གི་རྭ་བ།
གྲང་བའི་དུས་སུ་དམར་པོ་མེ་དང་འདྲ།
སྐྱོ་བའི་དུས་སུ་ཕ་མ་སྤུན་མཆེད་འདྲ།
སེམས་ཨ་ལོང་ནང་གི་ཡང་ལོང་སྟེ།
ཕ་ས་དམ་པ་སེམས་ཀྱི་སྨུག་སྨུག་ཡིན།
མ་ས་ཕྱུག་མོ་སྙིང་གི་སྒོར་སྒོར་ཡིན།

 《ཁྱོད་ཀྱི་སླད་དུ།》

ཁ་ཐག་རིང་བ་གནམ་སའི་མཐའ།
མི་སེམས་ཟད་པ་ལུས་ཀྱི་མཐའ།
ཞེ་གཏམ་ཤོག་ངོར་བྲིས་བྲིས་ཀྱང་།
ཀློག་མཁན་གྲོགས་པོ་གཅིག་ཡང་མེད།
བརྩེ་དུང་གི་ལྷག་འཕྲོ་ཁྱེར་བས།
ངའི་ཞེ་འཐོགས་ལགས།
ཁྱོད་ཀྱི་མ་འོངས་བའི་སླད་དུ།
ང་རང་བརྗེད་སོང་ཆོག 
ཁྱོད་སྐྱིད་ལེ་བདེ་ནས་བསྡད་ན།
སྐྱིད་དེ་ཡང་ང་ཡི་སྐྱིད་ཡིན།


ཆང་ལ་འཐིམ་པའི་འཁྱམ་པོ་ཡིན།
དགོད་སྒྲ་མེད་པའི་ཁེར་རྐྱང་ཡིན།
དུང་གཏམ་མི་ལ་གླེང་གླེང་ཡང་།
དུང་རོགས་གྲོགས་པོ་གཅིག་ཡང་མེད།
ཞེ་འདང་གི་དྭངས་གཙང་བཞེས་པས།
ངའི་ཡིད་འོང་ལགས།
ཁྱོད་ཀྱི་བདེ་སྐྱིད་ཀྱི་སླད་དུ།
ང་རང་བརྗེད་སོང་ཆོག
ཁྱོད་སྐྱིད་ལེ་བདེ་ནས་བསྡད་ན།
སྐྱིད་དེ་ཡང་ང་ཡི་སྐྱིད་ཡིན།


སྐྲ་ལོ་འཛིངས་བའི་ལོ་ཟླ་ཞིག
སེམས་ངལ་ལྕི་བའི་ཉིན་མཚན་ཞིག
དྲན་པ་གཞས་ལ་བཀུག་བཀུག་ཀྱང་།
ཉན་མཁན་གྲོགས་པོ་གཅིག་ཀྱང་མེད།
ངའི་མཚར་སྡུག་ལགས།
ཁྱོད་ཀྱི་ལས་དབང་གི་སླད་དུ།
ང་རང་བརྗེད་སོང་ཆོག
ཁྱོད་སྐྱིད་ལེ་བདེ་ནས་བསྡད་ན།
སྐྱིད་དེ་ཡང་ང་ཡི་སྐྱིད་ཡིན།

 《ཚེ་འདི་སྐྱིད་ཁྱོད་དང་ང་ཡིན།》

ཕར་སོང་རྐང་སྒྲ་ཐག་ཐག
ཚུར་ཡོང་འཛུམ་མདངས་ཤིག་ཤིག
ཆུང་ལ་ཆུང་འདྲིས་བྱམས་པ།
མིག་དང་རྫི་མའི་བར་གྱི།
མེ་ཏོག་གངས་ལྷ་མིན་ཚེ།
དབྱར་ཟླ་དྲུག་པ་ཟེར་བ།
དུས་ཀྱི་ཁྲ་ཁྲ་ཙམ་རེད།


འཛོམས་དུས་སྙིང་གཏམ་ལྷུག་ལྷུག
གྱེས་དུས་དངན་པ་ཤུར་ཤུར།
ཆུང་ལ་ཆུང་འདྲིས་བྱམས་པ།
གོམ་གསུམ་གོམ་པའི་བར་གྱི།
ཞེ་དང་སྣང་བ་མིན་ཚེ།
ཁྲེལ་དང་བློ་ཐག་ཟེར་བ།
སྐྱོ་བའི་སྣོན་མ་ཙམ་རེད།


མཐུན་ན་གྲོས་ཁ་སྒོར་སྒོར།
མ་མཐུན་སྒོ་མོ་ཟུར་ཟུར།
ཆུང་ལ་ཆུང་འདྲིས་བྱམས་པ།
ཚེ་དང་ཕྱི་མའི་ལམ་གྱི།
ལུས་དང་གྲིབ་མ་མིན་ཚེ།
བརྩེ་དུང་བརྩེ་དུང་ཟེར་བ།
རི་སྤྱང་གནས་མལ་ཙམ་རེད།   

《དབྱངས་རྟ་ཐོག་མ།》

 ལས་དབང་གི་དཀྱོག་མཚམས་དེ་ན།
 མི་མཐོང་པའི་ངོ་གདོང་ཞིག་ཡོད།
 དེ་ནི་མིག་ཆུའི་ཁ་དོག་རེད།
 དེ་ནི་སེམས་པའི་ཕྱི་ནང་རེད།
 ངས་ཕྱི་མིག་གི་ལྷག་འཕྲོ་རེ་ནས།
 ང་རི་གསུམ་གྱི་རྩེ་མོར་འགྲེངས་སྟེ།
གཅེས་ཕྲུག་ཁྱོད་གངས་རི་ལ་བཅོལ་ཡོད།
 གཅེས་ཕྲུག་ཁྱོད་རྩྭ་ཐང་ལ་བཅོལ་ཡོད།
 གངས་གྲོང་གི་དཀྱོཊ་མཚམས་འདི་ནས།
 ཨ་ཕའི་བཟོས་པས་པཊ་ཚག་དེ་མ་བརྗེད།
 དེ་ནི་ཁྱོད་ཀྱི་ཕྱོར་ལྭ་ཐོག་མ་ཡིན།


  ལུང་པ་དེ་ཧ་ཅང་དོག་སོང་།
  མི་སེམས་ཡང་སྔར་བཞིན་དོག་སོང་།
  སང་ཉིན་ཡོད་པ་མི་ཤེས་ཟེར།
  བརྩེ་དུང་དེ་བས་མི་རྟོགས་ཟེར།
  ངས་མི་འཚོཊ་ཀྱི་ཁ་རླངས་ཁྲོད་ནས།
  ང་སྔོན་བསཊ་ཀྱི་ལས་འཕྲོར་འཇུས་ཏེ།
  གཅེས་ཕྲུག་ཁྱོད་ཉི་མ་ལ་བཅོལ་ཡོད།
  གཅེས་ཕྲུག་ཁྱོད་ཟླ་བ་ལ་བཅོལ་ཡོད།
  ཉི་ནུབ་ཀྱི་སྔ་ཕྱི་རེ་ནས།
  ཨ་ཕས་བསླབ་པའི་གཞས་ཆུང་དེ་མ་བརྗེད།
  དེ་ནི་ཁྱོད་ཀྱི་དབྱངས་རྟ་ཐོག་མ་ཡིན།


  འཇིག་རྟེན་ནི་ཀུ་རེ་རྐྱང་རྐྱང་།
  བརྩེ་བ་ཞིག་གྲང་ཤུར་གྲང་ཤུར།
  མི་ངོ་དཀར་ནག་གཉིས་རེ་འདུག
  རྙེད་པའི་མི་ཡང་ཁྲ་ཁྲ་རེད།
  ངས་མ་ཐོབ་པའི་སྐལ་བ་གླེང་བཞིན།
  ང་ལྗིད་དྲག་པའི་གྲིབ་མར་ཁེན་ཏེ།
  གཅེས་ཕྲུག་ཁྱོད་གནམ་སྔོན་པོར་བཅོལ་ཡོད།
  གཅེས་ཕྲུག་ཁྱོད་ས་དོག་མོར་བཅོལ་ཡོད།
  གནམ་ས་ཡི་བར་སྟོང་རེ་ནས།
  ཨ་ཕའི་གདོང་གི་མིག་ཆུ་དེ་མ་བརྗེད།
  དེ་ནི་ཁྱོད་ཀྱི་གཅེས་སེམས་ཐོག་མ་ཡིན།

《སྨྱུག་འོག་གི་ཁ་བ།》

ནམ་ཟླ་དབྱར་གྱི་དུས་ཚོད་ཞིག་ལ།
སེམས་ལ་ཁ་བ་མཐུག་པོ་བབས་བྱུང་།
མིག་ལ་མཆི་མའི་རྦབ་རྡོ་དྲིལ་བས།
ང་ཡི་འཇིག་རྟེན་འཁྱཊ་པས་བསྡམས་སོང་།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།


འཇིག་རྟེན་ཆེ་དྲག་ང་རང་ཆུང་དྲག།
སྐྲ་ལོ་འཛིངས་བའི་ཉིན་མཚན་རེ་རེ།
གནམ་སའི་བར་གྱི་རྒྱང་བལྟ་རེ་རེ།
ཁྱེད་ཀྱིས་བྲིས་པའི་སྙན་ངག་མིན་ནམ།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།


འཛོམས་ཐེངས་རེ་ལ་སེམས་གཏམ་རེ་རེ།
རྗེས་མ་ཡོད་མེད་མི་ཤེས་གསུང་བཞིན།
ཆང་ཕོར་མཐོ་རུ་བཏེཊ་པའི་རྣམ་པ།
རྗེས་སུ་དྲན་ན་ཇི་འདྲའི་ཕངས་བ།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།


སྐབས་རེར་གཞན་གྱི་ཆེད་དུ་ངུས་མྱོང་།
ལན་རེར་གཞན་གྱི་དོན་དུ་བགད་མྱོང་།
ངུ་ཡང་སླ་ལ་དགོད་ཡང་སླ་བས།
ཁྱོད་དང་སྙན་ངག་གང་ལ་བཞུད་སོང་།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།