ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

132.jpg

         ཆབ་འགག་རྡོ་རྗེ་ཚེ་རིང་ངམ་དབྱངས་ཅན་དགའ་བའི་བློ་གྲོས། སྤྱི་ལོ༡༩༥༨ལོར་ཕ་ཡུལ་ཆབ་འགག་གསེར་གཞོངས་སུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པའོ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་། མཚོ་ལྷོ་ཁུལ་རིག་གནས་ཅུ། མཚོ་ལྷོ་ཁུལ་རིག་གནས་སྒྱུ་རྩལ་ལྷན་ཚོགས་བཅས་སུ་བྱ་བ་ལས། 
        ཉིད་ཀྱིས་བྲིས་པ་དང་། གཙོ་སྒྲིག་བྱས་པ། དག་སྒྲིག་བྱས་པ། མཉམ་འབྲི་བྱས་པར་ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྗགས་རྩོམ་ཕྱོགས་བསྒྲིགས《འབོལ་རྩོམ་པད་མའི་སྐྱེད་ཚལ》 །  《སྙན་རྩོམ་ཅོ་ཀའི་དྲུག་འགྱུར》 །  《དཔྱད་རྩོམ་རིག་པའི་རྩེད་འཇོ》 །  《སྒྲུང་རྩོམ་གེ་སར་དགོངས་རྒྱན》 །  《སྒྲིག་རྩོམ་མུ་ཏིག་ཕྲེང་མཛེས》 བཅས་དེབ་ལྔ་དང་།  གཙོ་སྒྲིག་བྱས་པའི་མཚོ་ལྷོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་ལ《ཁེད》 །  《བཤད་པ》 །  《རོགས་འཐེན》 །  《མ་ཎི་ཁང་》 །  《བསང་མཆོད》 །  《ལབ་ཙེ》 །  《གཏམ་དཔེ》 །  《ངག་རྒྱུན》 །  《མཆོད་རྟེན》 །  《གཏམ་རྒྱུད》 བཅས་དེབ་བཅུ།  གེ་སར་སྒྲུང་གི་བྱིས་པའི་དཔེ་ཚོགས་ལ《འཇང་ཕྲུག》 །  《ཨ་སྟག་ལྷ་མོ》 །  《ལྷ་གླིང་གབ་ཙེ་དགུ་སྐོར》 །  《རྟ་རྒྱུག་རྒྱལ་འཇོག》 །  《གེ་སར་འཁྲུངས་རབས》 །  《ཤན་འདན་ནང་འཁྲུག》 བཅས་དེབ་དྲུག་དང་། 《ཡ་མཚན་ཆེ་བའི་གླིང་གེ་སར་སྒྲུང་བའི་གསང་བ》 །  《གངས་རིའི་བརྩེ་དུངས》 །  《ཆབ་འགག་ལོ་རྒྱུས》 །  《སྙན་རྩོམ་ངག་གི་ལྷ་མོ་དགྱེས་པའི་མཆོད་པ་མེ་ཏོག་གི་ཕྲེང་བ》 །  《ཆབ་འགག་རྡོ་རྗེ་ཚེ་རིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས》 ། 《མཚོ་ལྷོའི་སྣོད་བཅུད་ཀྱི་རིག་གནས》  ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང་།  རྒྱ་ཡིག་གི《བླ་མ་ཐུབ་བསྟན་ཉི་མའི་རྟོགས་བརྗོད》 ། 《དག་གཙང་གི་བོད་ཡུལ་མཛེས་སྡུག་གི་མཚོ་ལྷོ》དང་།  སྒྲིག་རྩོམ་ལ་གེ་སར་གྱི་སྒྲུང་《བཀྲ་ཤིས་སྨོན་ལམ་ལྔ》 དང་།  གེ་སར་སྒྲུང་དེབ་སྤུས་ལེགས《སྒ་བདེའི་ཤེས་རབ་རྫོང་》སྟོད་སྨད་ཆ་དེབ་གསུམ་བཅས་དེབ ༣༣ པར་དུ་བསྐྲུན་ཡོད་པ་དང། ད་དུང་འཁྲབ་གཞུང་བོད་རིགས་ཀྱི་གླུ་གར་ཆེན་མོ《འཇང་ཕྲུག》 །  བོད་རིགས་ཀྱི་གླུ་གར་ཆེན་མོ《རྒྱ་ཚ》 །  བོད་རིགས་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ།  《གསེར་གྱི་ཉི་ཟླ》 །  བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར《ལྷ་ཆབ་སྔོན་མོའི་མཆོད་པ》 །  གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ《སྐྱ་ལོའི་སྟོན་འཇོག》 །  བོད་རིགས་ཀྱི་གླུ་གར་ཆེན་མོ《མཚོ་སྔོན་པོའི་གཏམ་རྒྱུད》 །  གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར《སྐྱ་ལོའི་སྐྲ་སྟོན》བཅས་བྲིས་ཡོད་པ་འདི་དག་ཕ་ཟས་ཡུན་རིང་ཟོས་པའི་རིན་པའོ། །
          ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་གྲོན་དངུལ་ལོངས་སུ་སྤྱོད་མཁན་ཆེད་མཁས་པ་དང་།  རིམ་པ་དང་པོའི་རྩོམ་པ་པོའི་ཐོབ་ཐང་ཡོད།

༄།དུས་བཞིའི་ལྷ་མོ།

སླེབས་བྱུང་སླེབས་བྱུང་སླེབས་བྱུང་།།
དཔྱིད་ཀྱི་སྦྲང་ཆར་ལྷ་མོ།།
གཡུ་འབྲུག་རྨི་ལམ་ཁྲོད་ནས།།
གངས་ཅན་ལྗོངས་ལ་སླེབས་བྱུང་།།
རང་བྱུང་སྣོད་ཀྱི་འཇིག་རྟེན།།
ལང་ཚོ་དཔལ་གྱིས་སྒེག་སོང་།།
མཛེས་སྡུག་རྨ་བྱ་སྔོན་མོ།།
ཡིད་འཕྲོག་གར་ལ་རོལ་སོང་།།
ཨ། སླེབས་བྱུང་སླེབས་བྱུང་།།
དཔྱིད་ཀྱི་ལྷ་མོ་སླེབས་བྱུང་།།


སླེབས་བྱུང་སླེབས་བྱུང་སླེབས་བྱུང་།།
དབྱར་གྱི་ཁུ་བྱུག་ལྷ་མོ།།
འཇའ་ཚོན་རྨི་ལམ་ཁྲོད་ནས།།
གངས་ཅན་ལྗོངས་ལ་སླེབས་བྱུང་།།
ནོར་ལུག་མེ་ཏོག་བཞད་ནས།།
འོ་མའི་དྲི་ཞིམ་ཁྱབ་སོང་།།
ལྗང་མྱུག་རྒྱ་མཚོ་ནང་ནས།།
ཡུར་མའི་གླུ་སྐད་སྙན་སོང་།།
ཨ། སླེབས་བྱུང་སླེབས་བྱུང་།།
དབྱར་གྱི་ལྷ་མོ་སླེབས་བྱུང་།།


སླེབས་བྱུང་སླེབས་བྱུང་སླེབས་བྱུང་།།
སྟོན་གྱི་འབྲས་ལྡན་ལྷ་མོ།།
གསེར་གྱི་རྨི་ལམ་ཁྲོད་ནས།།
གངས་ཅན་ལྗོངས་ལ་སླེབས་བྱུང་།།
འོ་ཟོ་གོར་མོ་ཁ་ནས།།
འབྲི་མར་མེ་ཏོག་མཛེས་སོང་།།
སྒོ་ཞིང་གྲུ་བཞིའི་སྟེང་ནས།།
གསེར་སྙེའི་རླབས་ཕྲེང་གཡོ་སོང་།།
ཨ། སླེབས་བྱུང་སླེབས་བྱུང་།།
སྟོན་གྱི་ལྷ་མོ་སླེབས་བྱུང་།།


སླེབས་བྱུང་སླེབས་བྱུང་སླེབས་བྱུང་།།
དགུན་གྱི་དར་དཀར་ལྷ་མོ།།
ཁ་བའི་རྨི་ལམ་ཁྲོད་ནས།།
གངས་ཅན་ལྗོངས་ལ་སླེབས་བྱུང་།།
ས་གཞི་པད་མ་འདབ་བརྒྱད།།
བཀྲ་ཤིས་ཁ་བས་བརྒྱན་སོང་།།
བོད་ཡུལ་ཆོལ་ཁ་གསུམ་ལ།།
གངས་ལྷ་མེ་ཏོག་བཞད་སོང་།།
ཨ། སླེབས་བྱུང་སླེབས་བྱུང་།།
དགུན་གྱི་ལྷ་མོ་སླེབས་བྱུང་།།

     ༄།དྲིན་ལན་ཤེས་དགོས།

ཚེ་འདི་ནས་དྲིན་ཆེན་མང་ན་ཡང་།།
དྲིན་ཨ་མའི་ཡན་ན་དྲིན་ཆེན་མེད།།
ཁྱོད་ཆུང་དུས་བྲང་གི་ནུ་མས་གསོས།།
དུས་རྒྱུན་དུ་སེམས་དང་མིག་གིས་འཚོས།།
བཟང་ཤེས་རྒྱ་ཅན་གྱི་བུ་ཕྲུག་ཚོ།།
དྲིན་ཨ་མའི་དྲིན་ལན་འཇལ་ཐབས་མེད།།
དུས་ད་ལྟ་ཨ་མ་རྒས་སོང་ཟིག།
དྲིན་ལོག་འཇལ་མ་བྱེད་བུ་ཕྲུག་ཚོ།།


ཚེ་འདི་ནས་དྲིན་ཆེན་མང་ན་ཡང་།།
རྟ་འདོ་བའི་ཡན་ན་དྲིན་ཆེན་མེད།།
ཁྱོད་སྐྱིད་དུས་དབུས་གཙང་ཡུལ་ལ་ཁྱེར།།
དུས་རྒྱུན་དུ་སྐྱ་མོ་ལམ་ནས་ཞོན།།
སེམས་སྙིང་རྗེ་ཅན་གྱི་སྟག་ཤར་ཚོ།།
རྟ་འདོ་བའི་དྲིན་ལན་འཇལ་ཐབས་མེད།།
དུས་ད་ལྟ་འདོ་བ་རྒས་སོང་ཟིག།
དྲིན་ལོག་འཇལ་མ་བྱེད་རྟ་བདག་ཚོ།།


ཚེ་འདི་ནས་དྲིན་ཆེན་མང་ན་ཡང་།།
འབྲི་ཐུལ་མའི་ཡན་ན་དྲིན་ཆེན་མེད།།
ཁྱོས་དབྱར་གསུམ་ཞོ་དང་འོ་མ་འཐུངས།།
དུས་རྒྱུན་དུ་་མར་དང་ཆུར་བ་ཟོས།།
ལས་རྒྱུ་འབྲས་ཅན་གྱི་བདག་མོ་ཚོ།།
འབྲི་ཐུལ་མའི་དྲིན་ལན་འཇལ་ཐབས་མེད།།
དུས་ད་ལྟ་འབྲི་མོ་རྒས་སོང་ཟིག།
དྲིན་ལོག་འཇལ་མ་བྱེད་བདག་མོ་ཚོ།།

       ༄།ཕ་ཡུལ་བྱ་མདོ།

ཨ་མདོ་ཡུལ་ལ་ཆགས་པའི་བྱ་མདོ།།
བུ་ངའི་ལྟེ་ཐག་ལྷུང་ས་བྱ་མདོ།།
ཆུང་ཆུང་ལུ་གུ་འཚོ་ས་བྱ་མདོ།།
ཡང་ཆུང་མེ་ཏོག་འཐུ་ས་བྱ་མདོ།།
ཨ།བུ་ང་ས་ཆ་གང་ལ་སོང་རུང་།།
ཕ་ས་ཕ་ཡུལ་བརྗེད་ཐབས་མི་འདུག།
སྐལ་བཟང་གནམ་ལོ་གསར་བའི་ནང་ལ།།
ཕ་ཡུལ་བྱ་མདོ་བཀྲ་ཤིས་བདེ་ལེགས།།


ཨ་མདོ་ཡུལ་ལ་ཆགས་པའི་བྱ་མདོ།།
རྒན་པ་ཚེ་ཐག་རིང་ས་བྱ་མདོ།།
གཞོན་པ་འདབ་ལག་རྒྱས་ས་བྱ་མདོ།།
གླུ་གར་་རིག་གནས་དར་ས་བྱ་མདོ།།
ཨ།བུ་ང་ས་ཆ་གང་ལ་སོང་རུང་།།
ཕ་ས་ཕ་ཡུལ་བརྗེད་ཐབས་མི་འདུག།
སྐལ་བཟང་གནམ་ལོ་གསར་བའི་ནང་ལ།།
ཕ་ཡུལ་བྱ་མདོ་བཀྲ་ཤིས་བདེ་ལེགས།།
    གླུ་བ་པད་མ་རྒྱལ་གྱི་རེ་བ་ལྟར་བྲིས་པའི་གླུ་ཚིག

    ༄།དབྱངས་ཀྱི་མཆོད་པ།

ཙོང་ཁ་པད་མོའི་སྟེང་ལ།།
སྐུ་འབུམ་དགོན་ཆེན་བཞེངས་ཡོད།།
ཞྭ་སེར་བསྟན་པའི་གནས་མཆོག།
མདོ་སྔགས་ཆོས་ཀྱི་དགའ་ཚལ།།
གཙུག་ལག་ཁང་བཟངས་རེ་རེ།།
དག་པའི་ཞིང་ཁམས་རེ་རེ།།
ངུར་སྨྲིག་དགེ་འདུན་རེ་རེ།།
ཚུལ་ཁྲིམས་རྒྱལ་མཚན་རེ་རེ།།
ཚེ་གཅིག་ལུས་གཅིག་འདི་ལ།།
འགྲོ་བ་སེམས་ཅན་དོན་དུ།།
ཐལ་མོ་ཐོད་ལ་བཀུར་ནས།།
དད་པས་ཕྱག་གསུམ་བཙལ་ཡོད།།


ཙོང་ཁ་པད་མོའི་ནང་ནས།།
བློ་བཟང་གྲགས་པ་འཁྲུངས་སོང་།།
ཞྭ་སེར་བསྟན་པའི་བདག་པོ།།
མདོ་སྔགས་ཆོས་ཀྱི་རྒྱལ་པོ།།
གསེར་སྡོང་ལོ་མ་རེ་རེ།།
སངས་རྒྱས་སྟོང་སྐུ་རེ་རེ།།
ལྟ་སྒོམ་སྤྱོད་གསུམ་རེ་རེ།།
རྒྱལ་བའི་དགོངས་པ་རེ་རེ།།
ཚེ་གཅིག་ལུས་གཅིག་འདི་ལ།།
སངས་རྒྱས་བསྟན་པའི་དོན་དུ།།
སྙིང་ནས་གསོལ་བ་བཏབ་ན།།
ཐུགས་རྗེའི་བྱིན་གྱིས་བརླབ་རོགས།།

  ༄།བཀྲ་ཤིས་རྨི་ལམ།

ཐོ་རངས་སྐར་ཆེན་འཆར་དུས།།
རྨི་ལམ་ཡག་པོ་རྨིས་བྱུང་།།
བདག་སེམས་རི་གསུམ་རྩེ་ལ།།
གསེར་གྱི་ཁ་བ་བབས་བྱུང་།།
འདབ་མ་རེ་རེའི་སྟེང་ནས།།
འོད་ཟེར་སྟོང་ལྡན་འཕྲོས་སོང་།།
བཀྲ་ཤིས་རྨི་ལམ་ཡག་པོ།།
རྟེན་འབྲེལ་གསེར་གྱི་ཁ་བ།།


ཐོ་རངས་སྐར་ཆེན་འཆར་དུས།།
རྨི་ལམ་ཡག་པོ་རྨིས་བྱུང་།།
བདག་སེམས་སྤང་ལྗོངས་ཐང་ལ།།
གསེར་གྱི་སྦྲང་ཆར་བབས་བྱུང་།།
གསེར་ནག་ཐིགས་པ་རེ་རེའི།།
འཇའ་ཚོན་རི་མོ་མཛེས་སོང་།།
བཀྲ་ཤིས་རྨི་ལམ་ཡག་པོ།།
རྟེན་འབྲེལ་གསེར་གྱི་སྦྲང་ཆར།།

     ༄།སྙིང་གི་རྨི་ལམ།

དབྱར་ཟླ་དྲུག་པའི་ནང་དུ།།
རྔམ་བརྗིད་མཁའ་ལ་འགྱིང་བའི།།
སྙིང་གི་སྐྱེས་རི་སྟེང་ལ།།
སྨུག་ཞག་ན་བུན་འཁྱིལ་ཡོད།།
ང་ཡི་སེམས་ཀྱི་རྨི་ལམ།།
སྟག་སེང་ཁྱུང་འབྲུག་འཁྱུག་པའི།།
བཀྲ་ཤིས་རླུང་རྟ་ལྷན་དུ།།
ཉི་ཟླའི་ཁམས་ལ་འཕུར་སོང་།།


དབྱར་ཟླ་དྲུག་པའི་ནང་དུ།།
རྩེ་མོ་དགུང་ལ་ཟུག་པའི།།
སེམས་ཀྱི་སྐྱེས་རི་མགོ་ལ།།
སྤྲིན་དཀར་འདབ་མ་འཁྱིལ་ཡོད།།
ང་ཡི་སྙིང་གི་རྨི་ལམ།།
བཟང་དྲུག་དྲི་ཞིམ་ཁྱབ་པའི།།
བཀྲ་ཤིས་ལྷ་བསང་ལྷན་དུ།།
ལྷ་ཡུལ་ཁམས་ལ་འཕུར་སོང་།།

༄།དྲན་པའི་རྨི་ལམ།

དྲན་གདུང་འདབ་དྲུག་ཁ་བ།།
ཡ་ཆུང་སེམས་ལ་བབས་ཡོད།།
ང་དང་གངས་ལྷ་མེ་ཏོག།
མ་མཇལ་ཡུན་རིང་འགོར་སོང་།།
མི་རྟག་སྒྱུ་མའི་འགྱུར་ལྡོག།
དུས་ཀྱི་ཆོས་ཉིད་ཡིན་རུང་།།
མེ་ཏོག་དྲན་པའི་རྨི་ལམ།
ཚར་རྒྱུ་མེད་ན་འདོད་ཡོད།།


དམ་ཚིག་རྡོ་རྗེའི་མདུད་པ།།
དམར་ཆུང་སྙིང་ལ་ཐེབས་ཡོད།།
ང་དང་ཆུང་འདྲིས་མཛའ་མོ།།
མ་མཇལ་ཡུན་རིང་འགོར་སོང་།།
མི་རྟག་འཇིག་རྟེན་འཁོར་བ།།
སྡུག་བསྔལ་ཡིན་པ་ཤེས་རུང་།།
མཛའ་མོ་དྲན་པའི་རྨི་ལམ།།
ཚར་རྒྱུ་མེད་ན་འདོད་ཡོད།།    

   ༄།གེ་སར་མཆོད་སྤྲིན།

གེ་སར་རྒྱལ་པོའི་སྐུ་ལུས།།
ཁྲི་གདུགས་གསེར་གྱི་ཉི་འོད།།
གངས་ཅན་ལྗོངས་སུ་འཕྲོས་ནས།།
དཔྱིད་ཀྱི་དཔལ་མོ་དགའ་ཡོད།།


གེ་སར་རྒྱལ་པོའི་གསུང་སྐད།།
གཡུ་འབྲུག་སྔོན་མོའི་སྒྲ་དབྱངས།།
གངས་ཅན་ལྗོངས་སུ་ཁྱབ་ནས།།
དབྱར་གྱི་ལང་ཚོ་རྒྱས་ཡོད།།


གེ་སར་རྒྱལ་པོའི་ཐུགས་དགོངས།།
སྟོང་གསུམ་སྣོད་ཀྱི་འཇིག་རྟེན།།
རིན་ཆེན་གསེར་ལ་འདྲེས་ནས།།
སྟོན་གྱི་འབྲས་བུ་སྨིན་ཡོད།།

༄།ཨ་མ་སྒྲོལ་མ།

སྐྱིད་སྡུག་གཉིས་ཀྱི་མ་མ།།
རྗེ་བཙུན་ཨ་མ་སྒྲོལ་མ།།
ཁྱོད་སྐུ་པད་མའི་ལང་ཚོ།།
འཇའ་ཚོན་ལས་ཀྱང་མཛེས་སོང་།།
འཇིགས་པ་བརྒྱད་ལ་ཐུག་ན།།
འཕྲིན་ལས་གློག་ལྟར་མྱུར་བའི།།
ཨ་མ་སྒྲོལ་མ་མཆོག་ལ།།
སེམས་ནས་གསོལ་བ་འདེབས་སོ།།


ཞི་ཁྲོ་གཉིས་ཀྱི་མ་མ།།
རྗེ་བཙུན་ཨ་མ་སྒྲོལ་མ།།
ཁྱོད་གསུང་མགུར་མའི་སྒྲ་དབྱངས།།
ཚངས་སྲས་གླུ་ལས་སྙན་སོང་།།
མི་མཐུན་ཀླན་ཀ་ཞི་སྟེ།།
གང་འདོད་དངོས་གྲུབ་སྩོལ་བའི།།
ཨ་མ་སྒྲོལ་མ་མཆོག་ལ།།
སྙིང་ནས་གསོལ་བ་འདེབས་སོ།།


འདི་ཕྱི་གཉིས་ཀྱི་མ་མ།།
རྗེ་བཙུན་ཨ་མ་སྒྲོལ་མ།།
ཁྱོད་ཐུགས་གཏིང་མཐའ་མེད་པའི།།
རྒྱ་མཚོ་ལས་ཀྱང་ཟབ་སོང་།།
བགེགས་དང་བར་ཆད་སེལ་ཏེ།།
ཚེ་དང་བསོད་ནམས་བསྐྲུན་པའི།།
ཨ་མ་སྒྲོལ་མ་མཆོག་ལ།།
རྟག་ཏུ་གསོལ་བ་འདེབས་སོ།།

༄།ཟླ་བའི་ཞིང་ཁམས།

སེམས་པ་ལྷན་དུ་འཛོམས་ས།།
སེམས་ཀྱི་ཟླ་བའི་ཞིང་ཁམས།།
དྲི་མེད་ཁ་བཏགས་རེ་རེ།།
བཀྲ་ཤིས་རྟེན་འབྲེལ་རེ་རེ།།
མཛེས་སྡུག་ཞབས་བྲོ་རེ་རེ།།
གར་གྱི་མཆོད་པ་རེ་རེ།།
སྐྱིད་པོ་ཟླ་བའི་ཞིང་ཁམས།།
སེམས་ཀྱི་ལྷ་ཡུལ་ཡིན་སོང།།
ཨ།   ཟླ་བའི་ཞིང་ཁམས།།
ཨ།  སེམས་ཀྱི་ལྷ་ཡུལ།།


སེམས་པ་ལྷན་དུ་འཛོམས་ས།།
སེམས་ཀྱི་ཟླ་བའི་ཞིང་ཁམས།།
སྙན་མོ་གླུ་སྐད་རེ་རེ།།
བཀྲ་ཤིས་དབྱངས་རྟ་རེ་རེ།།
དཀར་ཡོལ་འབྲུག་མ་རེ་རེ།།
བདུད་རྩིའི་མཆོད་པ་རེ་རེ།།
སྐྱིད་པོ་ཟླ་བའི་ཞིང་ཁམས།།
སེམས་ཀྱི་རྨི་ལམ་ཡིན་སོང་།།
ཨ།   ཟླ་བའི་ཞིང་ཁམས།།
ཨ།  སེམས་ཀྱི་རྨི་ལམ།།
   ཆབ་འགག་ཟླ་བའི་ཞིང་ཁམས་གླུ་གར་གླིང་ལ་ཆེད་དུ་བྲིས་པའི་གླུ་ཚིག

  ༄།དྲིན་ཆེན་ཨ་མ་རྒས་སོང་།

དབུ་སྐྲ་ལྕང་ལོའི་སྟེང་ལ།།
ལོ་ཟླའི་སེ་བརྡ་ལྷུང་སོང་།།
སྤྱན་མིག་སྐར་ཆེན་གཉིས་ཀྱི།།
ཡིད་འཕྲོག་གཟི་མདངས་ཉམས་སོང་།།
དྲིན་ཆེན་ཨ་མ་རྒས་སོང་།།
ཡ་ཆུང་སེམས་པ་སྐྱོ་སོང་།།
སྐྱབས་གནས་དཀོན་མཆོག་གསུམ་པོས།།
སྙིང་རྗེའི་སྤྱན་གྱིས་གཟིགས་རོགས།།


ཞལ་རས་མེ་ཏོག་པད་མའི།།
མཛེས་སྡུག་འདབ་མ་རྙིད་སོང་།།
དུང་སོ་མུ་ཏིག་ཕྲེང་བ།།
ཕྲེང་ཐག་ཟད་ནས་ཐོར་སོང་།།
དྲིན་ཆེན་ཨ་མ་རྒས་སོང་།།
ཡ་ཆུང་སེམས་པ་སྐྱོ་སོང་།།
རྗེ་བཙུན་འཕགས་མ་སྒྲོལ་མས།།
ཐུགས་རྗེའི་བྱིན་གྱིས་བརླབ་རོགས།།


དགོད་སྒྲ་དངུལ་དཀར་དྲིལ་ཆུང་།།
དྲིལ་ལྕེའི་མདུད་པ་ལྷོད་སོང་།།
སྐུ་གཟུགས་སྨྱུག་མ་ཚིགས་དྲུག།
སྒལ་ཚིགས་ནང་ནས་སྒུར་སོང་།།
དྲིན་ཆེན་ཨ་མ་རྒས་སོང་།།
ཡ་ཆུང་སེམས་པ་སྐྱོ་སོང་།།
མགོན་པོ་འོད་དཔག་མེད་ཀྱིས།།
དགྱེས་འཛུམ་ཞལ་རས་སྟོན་རོགས།།

          ༄།རྡོ་རྗེའི་མདུད་པ།

གཡུ་མདོག་ཨ་སྔོན་དགུང་གི།
ཉི་ཟླ་སྐར་གསུམ་གྲལ་ནས།།
བཅོ་ལྔའི་ལྷ་ཟླའི་འཛུམ་མདངས།།
དབྱར་ཁའི་འཇའ་ལས་མཛེས་སོང་།།
དུས་ཀྱི་ཆོས་ཉིད་དབང་གིས།།
ལྷན་ཅིག་འཆར་དབང་མེད་རུང་།།
དུངས་སེམས་མཛེས་སྡུག་མེ་ཏོག།
རང་རང་སེམས་ལ་བཞད་ཡོད།།


འཇིག་རྟེན་འཁོར་བ་ནང་གི།
ཁ་ཡ་ན་ཟླའི་གྲལ་ནས།།
ཆུང་འདྲིས་མཛའ་མཐུན་བུ་མོའི།།
ཞལ་རས་ལྷ་ལས་མཛེས་སོང་།།
ལས་དང་བསོད་ནམས་དབང་གིས།།
ལྷན་ཅིག་འདུག་དབང་མེད་རུང་།།
འཁྲེང་སེམས་རྡོ་རྗེའི་མདུད་པ།།
རང་རང་སེམས་ལ་བརྒྱབས་ཡོད།།

    ༄།འགྱུར་བ་མེད་པ།

དབྱར་གསུམ་སྤྲིན་པ་དཀར་པོ།།
ང་ཡི་སེམས་པ་ཡིན་སོང་།།
ཆུང་འདྲིས་རྩེད་རོགས་དྲན་པའི།།
སྐྱོ་གདུང་སྦྲང་མའི་ཆར་བ།།
ཐུན་གསུམ་རྨི་ལམ་འགྲོགས་ནས།།
ཁྱོད་ཀྱི་སེམས་ལ་བབས་ཡོད།།
ནམ་ཡང་འགྱུར་བ་མེད་པ།།
ཐོག་མའི་བརྩེ་དུང་ཡིན་སོང་།།


དགུན་གསུམ་སྤྲིན་པ་དཀར་པོ།།
ང་ཡི་སེམས་པ་ཡིན་སོང་།།
ཆུང་འདྲིས་རྩེད་རོགས་དྲན་པའི།།
སྐྱོ་གདུང་འདབ་དྲུག་ཁ་བ།།
ཐུན་གསུམ་རྨི་ལམ་འགྲོགས་ནས།།
ཁྱོད་ཀྱི་སེམས་ལ་བབས་ཡོད།།
ནམ་ཡང་བརྗེད་རྒྱུ་མེད་པ།།
སྙིང་གི་མཛའ་མོ་ཡིན་སོང་།།
        ན་ཆུང་གཞོན་ནུ་ཞིག་གི་རེ་བ་ལྟར་བྲིས་པའི་གཞས་ཚིག

༄།མཛེས་སྡུག་གི་ཕ་ཡུལ།

རྩེ་མོ་མཁའ་ལ་ཟུག་པའི།།
གངས་རི་ཨ་མྱེས་རྨ་ཆེན།།
ལྷ་རི་བློན་པོ་གསེར་ཆེན།།
ཙོང་ཁའི་སྐྱེས་རི་མཐོན་པོ།།
གངས་ཅན་བོད་ཀྱི་བླ་རི།།
ཨ་མདོ་ཚང་གི་སྐྱེས་རི།།
བསྟད་ན་དགྲ་ལྷ་འཁོར་ས།།
མཆོད་ན་འཕྲིན་ལས་མྱུར་ས།།
ཨ། མཛེས་སྡུག་གི་ཕ་ཡུལ།།
ཨ། རྨི་ལམ་གྱི་ཞིང་ཁམས།།


ཨ་སྔོན་ཐང་ལ་ལྷུང་འདྲའི།།
དབུས་ཀྱི་ཚྭ་མཚོ་དཀར་མོ།།
མཚོ་སྔོན་ཁྲི་ཤོར་རྒྱལ་མོ།།
སྟོང་རི་ལྷ་མཚོ་ཕྱུག་མོ།།
གངས་ཅན་བོད་ཀྱི་བླ་མཚོ།།
ཨ་མདོ་ཚང་གི་ནོར་མཚོ།།
བསྟད་ན་དངོས་གྲུབ་གནང་ས།།
མཆོད་ན་བྱིན་རླབས་ཆེ་ས།།
ཨ། མཛེས་སྡུག་གི་ཕ་ཡུལ།།
ཨ། རྨི་ལམ་གྱི་ཞིང་ཁམས།།


རླབས་དཀར་ཟེགས་མ་འཕྱོ་བའི།།
སྟོད་ཀྱི་རྨ་ཆུ་དལ་མོ།།
བར་གྱི་ཙོང་ཆུ་རིང་མོ།།
སྨད་ཀྱི་འབྲུག་ཆུ་སྔོན་མོ།།
གངས་ཅན་བོད་ཀྱི་བླ་ཆུ།།
ཨ་མདོ་ཚང་གི་འཐུང་ཆུ།།
བསྟད་ན་ཚེ་ཐག་རིང་ས།།
མཆོད་ན་བསམ་དོན་འགྲུབ་ས།།
ཨ། མཛེས་སྡུག་གི་ཕ་ཡུལ།།
ཨ། རྨི་ལམ་གྱི་ཞིང་ཁམས།།

༄།ཨ་ལ་ཆུང་འདྲིས་བྱམས་པ།

ཆུང་འདྲིས་བྱམས་པའི་འཛུམ་མདངས།།
མཛེས་སྡུག་མེ་ཏོག་སེར་ཆེན།།
ང་ཡི་རྣམ་ཤེས་ཕྲ་མོ།།
མེ་ཏོག་ཁྱོད་ལ་ཆགས་ཡོད།།
ཨ་ལ་ཆུང་འདྲིས་བྱམས་པ།།
ཚེ་གཅིག་ལུས་གཅིག་འདི་ལ།།
ཉིན་མོའི་བདེ་སྐྱིད་ཁྱོད་ཡིན།།
མཚན་མོའི་རྨི་ལམ་ཁྱོད་ཡིན།།
ཨ་ལ་ཆུང་འདྲིས།།
ཨ་ལ་བྱམས་པ།།
ཨ་ལ་མེ་ཏོག །
ཨ་ལ་སེར་ཆེན།།


ཆུང་འདྲིས་བྱམས་པའི་སེམས་པ།།
དྲི་མེད་གངས་ལྷ་མེ་ཏོག།
ང་ཡི་རྣམ་ཤེས་ཕྲ་མོ།།
མེ་ཏོག་ཁྱོད་ལ་ཆགས་ཡོད།།
ཨ་ལ་ཆུང་འདྲིས་བྱམས་པ།།
ཚེ་གཅིག་ལུས་གཅིག་འདི་ལ།།
ཉིན་མོའི་བདེ་སྐྱིད་ཁྱོད་ཡིན།།
མཚན་མོའི་རྨི་ལམ་ཁྱོད་ཡིན།།
ཨ་ལ་ཆུང་འདྲིས།།
ཨ་ལ་བྱམས་པ།།
ཨ་ལ་མེ་ཏོག།
ཨ་ལ་གངས་ལྷ།།


ཆུང་འདྲིས་བྱམས་པའི་བརྩེ་འདང་།།
དྲི་ཞིམ་སྐལ་བཟང་མེ་ཏོག།
ང་ཡི་རྣམ་ཤེས་ཕྲ་མོ།།
མེ་ཏོག་ཁྱོད་ལ་ཆགས་ཡོད།།
ཨ་ལ་ཆུང་འདྲིས་བྱམས་པ།།
ཚེ་གཅིག་ལུས་གཅིག་འདི་ལ།།
ཉིན་མོའི་བདེ་སྐྱིད་ཁྱོད་ཡིན།།
མཚན་མོའི་རྨི་ལམ་ཁྱོད་ཡིན།།
ཨ་ལ་ཆུང་འདྲིས།།
ཨ་ལ་བྱམས་པ།།
ཨ་ལ་མེ་ཏོག་།
ཨ་ལ་སྐལ་བཟང་།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།