ཀྲུང་གོ་བོད་ཀྱི་དྲ་བ།

དུར་ས། (ཞར་བཀོད་གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

32abaee870983b351788261659564f19.jpg

    འཇམ་དཔལ། པིར་མིང་ལ་རྡེའུ་དཀར་ནག་ཏུ་འབོད། ༡༩༨༤ལོའི་ཟླ༡༡པའི་ཚེས༡༠ཉིན་གཅན་ཚར་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་རིམ་གྱིས་འགྲིམས། 《ཀྲུང་གོའི་བོད་རིག་པ་》དུས་དེབ་དང་《བོད་ལྗོངས་ཞིབ་འཇུག》《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》《རྩེར་སྙེག》《མི་རིགས་སློབ་གསོའི་ཞིབ་འཇུག》 《མང་ཚོགས་སྒྱུ་རྩལ།》《པོ་ཏ་ལ་དུས་དེབ་》སོགས་སུ་དཔྱད་རྩོམ་བཅུ་གཉིས་དང་། སྙན་ངག་དང་སྒྱུར་རྩོམ་སོགས་སུམ་ཅུ་ཉེ་བ་ཙམ་ཞིག་སྤེལ་ཡོད།


དུར་ས།

འཇམ་དཔལ།( པེ་ཅིང)

 

འཆི་གསོན་གྱི་རབ་ཁ། གནམ་སའི་གླེང་མོལ།
ཁྱེད་རང་གནས་དེར་ཁུ་སིམ་མེར་གན་རྐྱལ་དུ་ལོག་ཅིང་།
བྲང་གཞུང་ཡངས་པོར་ཕྱེས།
མཁའ་ལས་བབས་པའི་ཕོ་ཉས།
མི་ཡུལ་གྱི་འཆིང་རྒྱ་སྣ་ཚོགས་ལས།
དུས་གཏན་དུ་འགྲོལ་བར་ངང་སྒུག་བྱེད།
སིལ་བུར་ཐོར་བའི་རྡོ་ཧྲུག་དེ་དག་གིས།
མི་ཡུལ་གྱི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཅི་འདྲའི་མང་པོ་ཞིག་ཟིན་ཐོར་བཀོད་ཡོད་ཨང་།
དེ་ལྟ་ནའང་། གནས་འདིར་འབྱོར་ཚེ།
ཡོད་ཚད་ལ་རྫོགས་ཚིག་བཀོད་ཅིང་།
ཤུལ་ཏུ་བསྐྱུར་པ་ནི་མཐའ་མེད་པའི་དྲན་གདུང་ཁོ་ན་ལགས།
དུར་ས། ཆོས་ལུགས་ཀྱིས་གནང་བའི་བརྩེ་བ་ཞིག་ཡིན་སྲིད།
དུར་ས། ཡང་ན་ཁོར་སྲུང་གི་འོད་གོར་བཀླུབས་ཡོད་ཀྱང་སྲིད།
གང་ལྟར། གནས་དེ་མི་ཆེན་དག་གིས་ལྷ་རུ་བསྒྱུར་ཅིང་།
རྒྱུས་མངའ་མེད་པའི་མི་རྣམས་ཀྱིས་ཀླ་ཀློར་བརྩི།
ཡིན་ནའང་། ངའི་མིག་ལམ་དུ།
དེ་དག་ཡོད་ཚད་ནི་དེ་འདྲའི་སྟབས་བདེ་དང་རྣམ་པར་དག་པ་ཞིག་སྟེ།
དེ་ནི་མཐོ་སྒང་དུ་འཚོ་བའི་ཁོར་ཡུག་གི་གདམ་གསེས་ཤིག་དང་།
རང་བྱུང་ལོ་རྒྱུས་མུ་རུ་བསྲིངས་པའི་མཚོན་སྟངས་ཤིག་རེད་ཨང་།
གནས་དེ་རུ།
ཁྱོད་ཀྱིས་ཅི་ཞིག་དང་ལེན་བྱེད་མིན་དང་།
ཡང་ན་ཅི་ཞིག་གསེད་འགྲོལ་བྱེད་མིན་ལ།
བསམ་བློ་བཙན་གྱིས་གཏོང་མི་དགོས་ཏེ།
མ་གཞི་དེ་ནི་དེ་འདྲའི་རྒྱུན་ལྡན་ཞིག་གོ།

2015ལོར་དབུས་ལྡན་གྲོང་ནས།


ཁྱེད་རང་དྲན་པའི་མཚན་མོ་དེར།
འཇམ་དཔལ། (པེ་ཅིང)


ཁྱེད་ཀྱི་འཇམ་མཉེན་རོལ་དབྱངས་ཁྲོད་དུ།
ཡིད་སེམས་སྨྲེང་ལ་བསྐུར་བའི་གཞས་ཆུང་དེ་ད་དུང་ཡོད་དམ།
ཚོམ་བུར་བཞད་པའི་མེ་ཏོག་གི་འཇིག་རྟེན་དུ།
ཐིའུ་བཀླུབས་མེ་ཏོག་གི་འཛུམ་མདངས་ད་དུང་ལྷུག་པོར་གྲོལ་ཡོད་དམ།
ཆར་བ་མོད་པའི་མཚན་གཞུང་དེར།
ཁྱེད་རང་དྲན། 
⋯⋯

ཁྱེད་ཀྱི་མཐོ་ལ་བརྗིད་པའི་མྱོས་བུམ་ཟུང་གི་འཇིག་རྟེན་ན།
ང་ལ་བསྐོལ་བའི་འོ་ཇ་མངར་མོའི་དྲི་ཞིམ་སྔར་བཞིན་ལྡང་ངམ།
ཁྱེད་ཀྱི་དྲོ་ཞིང་འཇམ་པའི་རུམ་ཁོང་དུ།
ད་དུང་ངའི་རྟ་མཆོག་འཕུར་མཆོངས་བྱེད་སའི་རྩྭ་ཐང་ཡོད་དམ།
ཁུ་སིམ་སིམ་གྱི་མཚན་གཞུང་དེར།
ཁྱེད་རང་དྲན།
⋯⋯

ཁྱེད་ཀྱི་དྭངས་གཙང་གི་རེ་སྒུག་ཁྲོད་དུ།
ང་ལ་བསྐྱུར་བའི་འཚེར་སྣང་ལུས་ཡོད་དམ།
ཁྱེད་ཀྱི་གཅེས་སུ་རུང་བའི་སེམས་ཀྱི་རྒྱབ་ལྗོངས་ན།
ང་ལ་བསྐྱུར་བའི་འབོད་པ་ཨེ་ཡོད།
རླུང་གིས་ཟླ་བ་སྐྱོམ་པའི་མཚན་མོ་དེར།
ཁྱེད་རང་དྲན།
⋯⋯

ངས་སྐྱོ་གླུའི་དབྱངས་རྟ་ངག་ལ་འགུག་བཞིན།
ཁྱེད་ཀྱི་འཇིག་རྟེན་དུ་བདེ་བར་བཟི་ཡོད།
ཁྱེད་རང་དྲན་པའི་མཚན་མོ་དེར།
⋯⋯

2016.7.21ཉིན་གྱི་མཚན་མོར་པེ་ཅིང་དུ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།