བོང་སྟག་རི་ལུ།
ང་ཡིས་གཉེན་ནི་མ་སྒྲིག་ཕོ་ལོ་སོ་བདུན་ལོན་པས།།
ད་ནི་གཉེན་སྒྲིག་ཞེས་ན་སེམས་ལ་འཚུབ་ཆ་སྐྱེས་འོངས།།
ལན་རེར་ཤུལ་འཛིན་མེད་པས་གཉེན་ནི་སྒྲིག་དགོས་བསམ་ཡང་།།
མཚམས་རེར་མི་རྐྱང་ཡིན་ན་དེ་ལས་སྐྱིད་པོ་མི་འདུག །
གཞེས་ནིང་འགྲོགས་པའི་བུ་མོ་ཁ་སྟོད་འབྲོག་གི་ཡིན་སོང་།།
གྱེས་པོ་གྱེས་མོའི་བློ་ལ་ང་རང་རབ་ཏུ་བབས་སོང་།།
ཡིན་ཡང་ང་ཡི་བློ་ལ་ནམ་ཡང་འགྱུར་བ་མང་བས།།
གྱེས་པོ་གྱེས་མོའི་རེ་བ་ཅང་མེད་རླུང་ལ་བསྐུར་སོང་།
ད་ལོ་འགྲོག་པའི་བུ་མོ་ང་ལས་ལོ་ན་ཆུང་སྟེ།།
ང་དང་ཁོ་མོའི་བར་ན་ལོ་སྐོར་གཅིག་གིས་ཆོད་ཡོད།།
སློབ་ཆེན་སློབ་མ་ཡིན་ལ་བློ་རིག་གྲིམ་པོ་འདུག་པས།།
ད་ནི་ང་ཡི་ལས་དབང་འདི་ལས་ཐར་ས་མེད་འདྲ།།
དང་པོ་སྐད་ཆ་ཡོད་ཚད་མ་གསང་དྲང་མོར་བཤད་ན།།
ང་ཡིས་ཆུང་མ་ཞེས་ནས་མགུལ་ལ་ཁ་བཏགས་བཏགས་ཏེ། །
ད་དུང་གཉེན་སྒྲིག་ཞེས་ནས་ཆོ་ག་མ་སྤེལ་མ་གཏོགས།།
ང་དང་བཟའ་ཚང་བྱས་ནས་བསྡད་པ་གྲངས་ཀྱིས་མི་ལངས།།
ང་ཡིས་དྲང་མོ་བཤད་ན་ང་ཡི་འབྲོག་མོ་འདི་ཚོར།།
མི་གཤིས་ཁྱད་པར་ཅན་ལ་རང་གཤིས་ཁྱད་པར་མངའ་འདུག །
གལ་ཏེ་དེ་འདྲ་མིན་ན་ང་ཡི་ཉེས་པ་ཡོད་ཚད།།
འབྲེལ་ཡོད་ཁྲིམས་ལ་སྦྱར་ན་ཁྲིམས་ནས་ཤོང་ཚོད་མི་འདུག །
ཕོ་ལོ་ཉེར་གཉིས་ཉེར་གསུམ་ཚོར་བ་རྣོ་བའི་སྒང་རེད།།
གཟུགས་དང་ཆ་བྱད་ལ་སོགས་རང་ལ་འཛོམས་པའི་སྒང་རེད།།
ད་དུང་གཉེན་སྒྲིག་ཟེར་ན་འདང་རྒྱག་མེད་པའི་སྒང་རེད།།
ལོ་ཟླ་དམ་འཛིན་མ་བྱས་ད་ནི་སྙིང་སྟོབས་ཞན་འདུག །
ད་ནི་བུ་མོ་ཚོ་དང་བརྩེས་ནས་ལོ་ཟླ་སྐྱེལ་རྒྱུ།།
ང་ཡི་མི་ཚེའི་ནང་གི་གྲུབ་ཆ་ཆེ་ཤོས་གྱུར་ཡོད།།
གལ་ཏེ་མཛེས་མ་གང་གིས་བཟའ་ཚང་བཅའ་འོ་ཟེར་ན།།
ང་ཡིས་ཐབས་ཤིག་བཙལ་ནས་ཡུན་གྱིས་བར་ཐག་བཀྱེད་ནས།།
སྙན་ངག་འདི་དག་བྲིས་ནས་ཚན་པ་འདི་གར་ཐོན་དུས།།
རྒྱབ་ན་ལྐོག་ལྟ་བྱེད་པའི་གྲོགས་པོས་ཁེར་དགོད་བྱས་བྱུང་།།
ཚན་པ་རེ་རེ་བཏོན་ན་དགོད་ཁ་ཐེངས་རེ་འཆོར་བའི།།
ང་ཡི་ཚིག་རྒྱན་འདི་དག་ཚོར་བ་ངོ་མ་ཡིན་ནོ།།
གྲོང་གི་འབྲོག་མོ།
བོང་སྟག་རི་ལུ།
ལོ་ངོ་གསུམ་གྱི་སྔོན་ལ་བརྒྱ་ནོར་རི་ནས་བཞག་སྟེ༎
ང་ཡི་ཨ་ཅེ་འདི་ཚོ་གྲོང་ལ་གནས་སྤར་བྱས་སོང་༎
གྲོང་གི་ཐོག་ཁང་དེ་དང་འབྲོག་གི་སྦྲ་ནག་གཉིས་ཀྱི།།
འཚོ་བ་ཁ་ཁ་ཡིན་པས་ལོབས་རྒྱུར་ཅུང་ཙམ་ཁག་སོང་༎
ཡིན་ཡང་རིང་བོ་མ་འགོར་སྔོ་ཚོད་ཟ་རྒྱུར་གོམས་སོང་༎
ཡིན་ཡང་རིང་བོ་མ་འགོར་རྒྱ་ལྭ་རྒྱབ་ལ་བདེ་སོང་༎
ཡིན་ཡང་རིང་བོ་མ་འགོར་ཇ་ཁ་ཆང་ཁ་ལོབས་སོང་༎
ཡིན་ཡང་རིང་བོ་མ་འགོར་ཁྲེལ་དང་རྫུ་བག་བོར་སོང་༎
ད་ནི་ཁ་པར་རྩེས་ན་ཁོ་ཚོའི་ལྷག་ཅིག་མི་འདུག །
སྐད་འཕྲིན་ཚོགས་པ་བཙུགས་ནས་ཚོགས་པའི་ཚོགས་གཙོར་གྱུར་འདུག །
ད་ནི་འགྲུལ་བ་ཡོང་ན་འཛུམ་གྱིས་བསུ་རྒྱུར་ཕར་ཞོག །
ལག་ལ་ཇ་ཞིག་འཇོག་པར་ཅིག་ཅིག་འཐེན་འཐེན་ཞིག་གོ །
*ཅིག་ཅིག་འཐེན་འཐེན་ཞེས་པ་ནི་དེ་འདྲའི་དགའ་བོ་མེད་པའི་རྣམ་འགྱུར་ལ་གོ
རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།
གཉེན་སྒྲིག་པར་སྐྲག་པའི་གཏམ།(ཞར་བཀོད་གཅིག)