ཀྲུང་གོ་བོད་ཀྱི་དྲ་བ།

མ་གསང་དྲང་མོར་བཤད་ན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྡོང་བསོད་ནམས་ཚེ་རིང་།

 

མ་གསང་དྲང་མོར་བཤད་ན

སྤྲིན་པ་ལང་ལོང་འཕྱུར་བའི་སྐབས་དང་བསྟུན

ནང་སེམས་ཀྱི་འདུ་འགོད་སྤྲིན་པའི་རྒྱུན་ལ་རྩེན

འཇིག་རྟེན་འཇིག་རྟེན་དུ་ངེས་པ་ནས་བཟུང

ཁྱེད་མཐོང་བའི་སྐད་ཅིག་མ་དེར

ངས་ཁྱེད་ཀྱི་གློ་སྙིང་མཆིན་གསུམ

སུའི་ཆེད་དུ་འཕག་འཚག་རྒྱག་གི་ཡོད་པ་ཚོར་ཡོད

 

རང་གིས་རང་རྒྱུད་ལ་མེ་དང་འདྲ་བའི་རལ་གྲིས

མགོ་ནས་རྐང་པའི་བར་དུ

གཤག་བཅོས་ཐེངས་ཤིག་བྱས་པ་དང

དབང་ལྔའི་ཆ་ལྷག་རིང་དུ་དོར་བ་ན

ཆེས་དྭངས་པའི་ཟུང་ཁྲག་གི་རྒྱུ་བ

རྩ་བ་གང་ཞིག་གི་འབྲས་བུ་དེ་སྲོག་ལ་རག་ལས

གསོང་བོར་བརྗོད་ན་ང་ཚོས་ཚོར་དགོས

 

མ་གསང་དྲང་མོར་བཤད་ན

རང་ཤི་རྒྱག་མཁན་ཇེ་མང་ཡིན་པ་མཐོང་དུས

སེམས་པ་མུ་གེ་ཐང་ནས་བཀྲེས་སྐོམ་གྱིས་མནར་ཡོད

གཞན་གྱིས་བརྙས་པས་ཤི་ན་ནི

རྡོ་རིང་དེའི་ངོས་ལ་མཚན་ཐོ་འགོད་ངེས་མོད

ཁོང་ནི་རང་ཤི་བརྒྱབ་པ་ཡིན་པས

ཟླ་དྲུག་པའི་རླུང་བུ་ལྡང་བྱུང་ལ

ཟླ་བཞི་བའི་ཉི་འོད་ཁ་བས་བསྒྲིབས་ཡོད

སྐབས་དེར   ཁོར་ཡུག་གཉིད་ལས་བསླངས་པ་ལ

མ་གསང་དྲང་མོར་བཤད་ན

ང་ཚོས་བཀའ་དྲིན་ཞུ་འོས

 

མ་གསང་དྲང་མོར་བཤད་ན

ངས་ཁྱེད་ཀྱི་འདས་མ་ད་གསུམ

སེམས་ཀྱིས་བཀླགས་ཤིང་མིག་གིས་བཟླས་མྱོང

ཁྱེད་ནི་དབྱར་དུས་ཀྱི་ནམ་མཁའ་དང་འདྲ་ལེ

སྐྱེ་རྒུ་འཁྱག་གྲང་གིས་མྱོས་པའི

སེམས་ཀྱི་གདུངས་པ་སེལ་བའི་དཔལ་ཡོན་དེ་ཁྱེད་ཡིན

 

མ་གསང་དྲང་མོར་བཤད་ན

ནང་སྔ་མོའི་ཉི་འོད་རི་རྩེར་བཀྱག་དུས

ཁྱེད་ཉིད་དྲན་འོངས་ལ

དེ་དང་མཉམ་དུ་ངས་ཁུ་བྱུག་གིས་བརྒྱན་པའི

དབྱར་ཁ་དེའང་ཡིད་ལ་ག་ལེར་དྲན་འོངས

 

མ་གསང་དྲང་མོར་བཤད་ན

མཚན་མོའི་ཟླ་བ་ཤར་རིའི་རྩེ་ན་འཕགས་དུས

ཁྱེད་ཀྱི་འཛུམ་མདངས་དེ་ངའི་མིག་ལམ་ན་མངོན

དེ་དང་མཉམ་དུ་ཁྱེད་ཀྱིས་བཞག་པའི

བསམ་བློའི་བླ་རུ་སྒྲོན་པའི་སྙིང་གཏམ་དག

རེ་རེ་བཞིན་ཡིད་ལ་དྲན་འོངས

ངའི་སྙིང་དང་འདྲ་བའི་ན་ཟླ་ཚོའང

ཁྱེད་ཀྱི་གཙང་འགྲམ་ན་འཚོས་ཡོད

 

མ་གསང་དྲང་མོར་བཤད་ན

ཉི་འོད་ཀྱིས་བྱུགས་པའི་མཁའ་དབྱིངས་ན

ཉི་འོད་ལ་ཆགས་པའི་སེམས་ཅན་དེ་ཚོ

ཁྱེད་ཀྱི་འཚོ་སྟངས་ལ་ཧ་ལས་ནས་ཡོད

སྨག་རུམ་གྱི་རྫོང་པ་བརྟོལ་ཏེ

ས་ཆེན་པོའི་མཛེས་སྡུག་གི་ཡང་སྙིང་འཚོལ་དུས

ཁྱེད་ལ་མཐུན་རྐྱེན་བསྐྲུན་མཁན་ཉུང་བ

ང་ཚོས་ཤེས་ཡོད

ཁོ་བོ་ཚོས་མཁྱེན་ཡོད་ངེས

 

མ་གསང་དྲང་མོར་བཤད་ན

དཔྱོད་པའི་གོ་ཆ་ལུས་ལ་བགོས་ཏེ

བསམ་གཞིག་གི་ལག་ཟུང་རིང་དུ་བརྐྱངས་ནས

ཁྱེད་ཀྱིས་བསྒྲགས་པའི་ཅྭོང་བརྡ་དེར

རྣ་བ་གླན་ནས་སེམས་ཀྱིས་མྱོང་དུས

ཁྱེད་ལ་བཀའ་དྲིན་ཞུ་འོས

ཁྱེད་ཀྱིས་གཉིད་ལས་བསླངས་པ་ལ

བཀའ་དྲིན་ཞུ་འོས

 

 2016-12-4 ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།