ཀྲུང་གོ་བོད་ཀྱི་དྲ་བ།

སྐད་ཡིག སྐད་ཡིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྒྲོམ་བརྟན།

 

ངས་ས་སྲོད་ཀྱི་མཚམས་སྤྲིན་དམར་པོ་དེ་མཐོང་ཐེངས་རེ་ལ།
སང་ཉིན་གྱི་ཡོད་ཚད་ལ་མནོ་སེམས་རེ་གཏོང་དགོས་བྱུང་།
དཀའ་སྤྱད་ཀྱི་ལོ་ཟླ་དྲན་གདུང་གི་མཆི་མས་བརླན་མྱོང་ཕྱིར།
ངས་ཅིས་ཀྱང་བློ་བདེ་བག་ཕེབས་ཀྱི་འཚོ་སྟངས་དེ་དོར་དགོས་ཨང་།
 
ནུ་ཞོས་བསྐྱངས་པའི་བརྩེ་བ།
གོམ་ཙེ་ཁྲིད་པའི་ཐུགས་རྗེ།
སྨྲ་ལྕེ་སྤྲད་པའི་བཀའ་དྲིན།
ངས་རང་གི་ཆེད་དུ་དབྱངས་གསལ་སོ་བཞི་ནན་གྱིས་བཀླགས་ཤིང་།
ངས་རང་གི་དོན་དུ་དབྱངས་གསལ་སོ་བཞི་སེམས་ཀྱིས་གྱེར་བ་ཡིན།
 
གལ་ཏེ།   འཚོ་བས་ང་ལ་བསྩལ་བའི་ལམ་བུ་དེ་ཀུ་རེ་ཐེངས་ཤིག་ཡིན་ན།
ཀུ་རེ་དེའི་སྣེ་གཅིག་ན་ང་དང་ཅིག་ཤོས་ན་ང་ལས་ཅི།
འདི་དག་གི་ཕྱིར་དུ།
ངའི་ལུས་ངག་ཡིད་གསུམ་དབྱངས་གསལ་སོ་བཞིར་བསྟིམས་མོད།
ཡིག་ནོར་གྱིས་ཁེངས་པའི་སྒོ་བྱང་ཙམ་ལ་མ་གཏོགས་མི་མཁོ་བའི་དབྱངས་གསལ་ འདི་དག
སུ་ཞིག་གིས་ང་ལ་སྦྱིན་པའི་བསྒྱུར་དུ་མེད་པའི་ཤ་ཁྲག་རུས་གསུམ་དེ་ཡིན་ཨང་།
 
ཀ་སྡེ་དང་ཅ་སྡེ།   སྡེ་བ་ཕྱེད་དང་བརྒྱད་དུ་གྲུབ་པའི་སྟག་ཤར་གྱི་ཚོ་ཆེན་ཁྱེད་དང་།
གི་གུ་དང་ཞབས་ཀྱུ།   དབྱངས་ཀྱི་འགྱུར་ཁུགས་རྫོགས་པའི་སྨན་ཤར་གྱི་དྭངས་མ་བཞི་བོ།
ཚེ་ཚེ་རབས་རབས་སུ།
ངའི་གཉེན་དང་རྩ་ལག་འདི་དག་གི
བླ་དང་བླ་འབོད་ཀྱི་རྐང་གླིང་དུ་འགྱུར་དགོས་ཨང་།
 
"སྐད་ཆ་ནི་ཡི་གེའི་རྨང་གཞི་དང་ཡི་གེ་ནི་སྐད་ཆ་ལ་བརྟེན་ནས་བྱུང་བ་ཡིན"པས་ན།
སྐད་ཆ་ཁྱོད་ལྡབ་ལྡིབ་ཏུ་མི་འགྱུར་བ་དང་།
ཡི་གེ་ཁྱོད་ཀྱང་རང་ཚུགས་མེད་པ་མ་བགྱི་ཨང་།
"རང་ཉིད་རང་གི་མགོན་ཡིན་གྱི༎
གཞན་ལྟ་སུ་ཞིག་མགོན་དུ་བྱེད༎"པས་ན།
རང་ལ་བདོག་པ་དེ་རང་གིས་སྤྱོད་པ་དང་།
རང་གི་ཡིན་པ་དེ་བདག་པོ་མི་བྱེད་དམ།
 
ཡང་གཅིག་ན།   ཁྱོད་ནི་བརྡ་ཐབས་ཤིག་སྟེ།
འདིས་མཚོན་པའི་རྔུལ་ཆུས་བསྐྲུན་པའི་གླེགས་བམ་གྱི་རི་རབ་དང་།
གཏན་ཚིགས་ཀྱི་མཚོ་མོ་ནི།
ཐུན་མོང་དང་ཐུན་མོང་མ་ཡིན་པའི་བརྡ་ཐབས་རེ་རེའམ་མཛུ་གུ་ཀེར་ས་དེ་མ་ཡིན་ནམ།
མདོར་དྲིལ་ན།  ཁྱོད་ནི་སྙིང་སྟོབས་ཤིག་སྟེ།
མུ་ཏིག་སོ་བཞིས་སྤུད་པའི་གསེར་ཀྱི་སྐ་རགས་འདིས།
ལོ་རྒྱུས་ཀྱི་བརྡབ་གསིག་ནམ་ཞར་དུ་ཡང་།
སྐ་རགས་ཀྱི་ངོ་བོ་ཐེར་ཟུག་གིས་བཅིངས་དང་འཆིང་བཞིན་ཡོད་པ་མ་ཡིན་ནམ།
ངེས་པར་བསྙད་ན།   ཁྱོད་ནི་ཚེ་སྲོག་དང་སེམས་ཁམས་ཀྱི་རྟེན་གཞིའང་ཅི་ལ་མིན།

2014ལོའི《སྦྲང་ཆར》དེབ་གསུམ་པར་བཀོད།


རྒྱང་རིང་གི་ཁྱོད།  སྔར་བཞིན་བདེའམ།

 

བདག་གི་ཡིད་སེམས་ཀྱི་ཞིང་ཁམས་ན།
ཁ་བ་དང་བུ་ཡུག་སྔར་བཞིན་རྒོད་པས།
ཁྱོད་ད་དུང་མི་འབྱོན་ནམ།
བདག་གི་ལུས་ངག་ཡིད་གསུམ་གྱི་དྲོད་འཁོལ།
དོན་ལྔ་སྣོད་དྲུག་གི་འཕར་ལྡིང་།
སུ་ཞིག་གིས་ཀྱང་འཐུས་ཚབ་ཏུ་མི་རུང་བ་ཁྱོད།
རྒྱང་རིང་ན་སྔར་བཞིན་བདེ་འམ།
 
ཁྱོད་ཁོ་བོའི་ཡིན་པའི་རྒྱུ་མཚན་གྱིས།
བདག་གི་སྣང་ངོར།     ཉིན་མོ་འདིར།
ལོ་མ་སེར་པོར་སེར་ཐིག་ལྷུང་བའི་སྟོན་མཇུག་གི་ཉིན་མོ་འདིར།
ཅི་ཞིག་བརྗེད་སོང་བའམ་བོར་སོང་བ་ལྟ་བུའི།
ཉམས་སྣང་འདིས།
དཀའ་སྡུག་གི་ལོ་ཟླ་མང་པོ།
སེམས་ཀྱིས་བརྒལ་མྱོང་བའི་དྲན་ཤིང་ཟབ་མོ།
འུ་གཉིས་ཀྱིས་ལང་ཚོའི་མཆོད་པར་ཕུལ་བའི།
རྟག་བརྟན་ཐེར་ཟུག་གི་རྡོ་རྗེ་མདུད་པ་དེ་ཡིན་པས་ན།
རི་ཆུ་སྟོང་གིས་བཅད་པའི་ཡོལ་བ་འདི།
མིག་ཆུ་ཁོ་ནས་མཇུག་སྒྲིལ་བའི་མུན་པའི་གདུག་རྩུབ་དེ་ག་ལ་ཡིན།
ཁྱོད་སྔར་བཞིན་བདེ་འམ།
 
ངའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན།
མི་འཇིག་པའི་བརྗོད་བྱར་གྱུར་པའི་དོན་གྱི་སྙིང་བོ།
སྟོན་ཁ་མང་པོ་ལོ་མ་སེར་པོས་བསྐྱལ་བའི་དུས་ཚོད་སྐར་ཆ་རེ་རེར།
ངང་སྒུག་གཅིག་པུས་འཕྲོ་བརླག་ཏུ་བཟོས་པའི་ནག་ཉེས།
ཤྭ་འོད་བརྒྱུགས་ཤུལ་གྱི་གྲམ་པའི་རྡོ་ཚོགས་ཇི་བཞིན།
བདག་ལ།   གྲང་ཤུར་ཤུར་གྱི་ཚོར་བ་འབའ་ཞིག་བཞག
རྒྱང་རིང་གི་ཁྱོད་སྔར་བཞིན་བདེའམ།
 
ང་རང་ཁྱོད་ཀྱི་ཁ་གཏད་དུ་བསྡད་ནས།
བརྗོད་འདོད་པའི་ནང་གི་དེ་ཉིད།  ཆད་ལྷག་མེད་པར།
འོ་ཇ་བཞིན་ཁྱོད་ཉིད་ལ་འདྲེན་དུས།
ངའི་སེམས་ཀྱི་མེ་ཏོག་གི་བཀྲག་མདངས།
དུས་ཚིགས་མེད་པར།
ལང་ཚོའི་ཁ་དོག་ཁྱོད་ཀྱི་དོན་དུ་མཚར་སྡུག་བཀྲ།
བདག་གི་ཁྱོད།  བདག་གི་ཁྱོད།
ངའི་སྤྱི་གཙུག་གི་ཉི་མ་སེར་པོ།
ཁྱོད་ཡོད་པས་ཁོ་བོར་མུན་པའི་འཇིགས་པ་བྲལ་ཞིང་།
ཁྱོད་བཞུགས་པས་བདག་ལ་དྲོད་འཁོལ་ལྡན་པས།
རྒྱུ་མཚན་མེད་པར།  ཁྱོད་གཅིག་པུ་ང་ཁོ་ནས་ཡིན་པའི་
ངོ་བོ་དབྱེར་མེད་ཀྱི་དམ་བཅའ་འདི།
སྲ་ཞིང་འཐས་པའི་ས་ཆེན་པོ་འདིའི། རང་གཤིས་སུ་བཅོལ་ཡོད་ཨང་།


2014ལོའི《སྦྲང་ཆར》དེབ་གསུམ་པར་བཀོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།