ལྷ་མཁར་ཚེ་རིང་།(མགར་ཨ་ཁྱུང)ནི་མདོ་སྨད་ཁྲི་ཀ་རྫོང་གི་མི་ཡིན་ཞིང་། ༢༠༡༤ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྔ་ཕྱིར་«སྦྲང་ཆར་»དང་«གངས་རྒྱན་མེ་ཏོག་»«ཁྲི་གཤོག་རྒྱལ་མོ་»«མཚོ་སྔོན་བོད་ཡིག་ཚགས་པར་»«མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་»སོགས་དུས་དེབ་དང་ཚགས་པར་སྟེང་དུ་སྙན་ངག་དང་ལྷུག་རྩོམ་དུ་མ་སྤེལ་ཞིང་། «རྩེར་སྙེག་»དང་«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་»སོགས་ཀྱི་སྟེང་རིག་གཞུང་དཔྱད་རྩོམ་འགའ་སྤེལ། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་དགེ་རྒན་གྱི་ལས་ལ་ཞུགས་མུས་ཡིན།
དྲུག་པའི་ལྷ་རྩེ། ཁོ་དང་ཁོ་མོའི་འཇིག་རྟེན།
ཉི་མ། རྒྱབ་ཀྱི་རྡུལ་དག སེམས་ཀྱི་རྨ་སོས་པ་བཞིན།
དགའ་ལྷང་ལྷང་གིས་ལྷ་རྩེ་ལ་ལྟད་མོར་སླེབས།
མི་ཚོགས་ལ་ལུང་ནས་ཤྭ་འོད་བཞིན་བླུགས་དུས།
རྨ་འགྲམ་ན་ནམ་མཁའ་མེད་ཅིང་བར་སྟོང་ཚར།
རྨ་ཆུ་ལ་སྨྲ་བརྗོད་ཆད་ཅིང་སེམས་ངལ་རྫོགས།
དེ་དུས།
བར་སྣང་གི་ཉི་མ་དང་ས་སྟེང་གི་རྨ་ཀླུང་ཕྱུག་མོ་ཉིད་ལྟད་མོ་བ་རྣལ་མར་གྱུར་ཅིང་།
མིག་མི་ཟིམ་པར་སོས་དལ་བག་ཕེབས་ཀྱིས་ཉིན་འདིའི་ཤོག་ལྷེ་མ་ལུས་པར་བཀླག་སྲིད།
བགྲང་བྱ་གཅིག་ལ་བསྒུགས་པའི་སྟག་ཤར་ཚོས།
སྔ་མོ་ནས་སྟ་གོན་ཡོད་པའི་བརྩེ་བ་རིང་དུ་བསྲིངས་ཏེ།
ཝུ་ཆང་ཟ་ཟི་རེ་འཐུང་ཞོར། གཞས་གླུ་བན་བུན་རེ་འགུག་བཞིན།
མི་ཚོགས་ཀྱི་ཁྲོད་དུ་མིག་ཞགས་ཡང་ཡང་འཕེན་སྲིད་ལ།
ཁ་ལོ་བོར་བའི་མིག་ཞགས་དེ་ཚོ་མི་ཚོགས་ཀྱི་ཁྲོད་རིག་རིག་རྒྱུ་ཞིང་།
རང་དབང་གིས་འཕུར་བའི་བརྩེ་དུང་རེ་ཟིན་ན་སྙམ་པའི་རེ་དོགས་ལ་སུན་སྣང་བྲལ།
རྔོན་པའི་རྙི་འོག་ན་འཚོ་བའི་སྨན་ཤར་ཚོས།
རང་བློར་འབབ་པའི་ལྭ་ཆུང་རེ་གྱོན་ཞིང་རིན་ཐང་ལྡན་པའི་རྒྱན་ཆ་རེ་བཏགས་ཏེ།
སྐྲ་ལོའི་གཡབ་མོའི་གསེབ་ཀྱི་ཟུར་མིག་གིས།
གཟུགས་སུ་མ་གྲུབ་ཅིང་མཉན་བྱར་མ་གྱུར་བའི་བརྩེ་སེམས་ཀྱི་གསང་བརྡ་ཞིག
ཕ་གིའི་སེམས་ལ་ཡང་ཡང་འཕང་སྲིད་ལ།
ཟུར་མདའི་རླབས་ཀྱིས་ཁྱོད་སེམས་ལྷོང་ལྷོང་བོའམ་ཡེར་ཡེར་བོ་གང་རུང་ཞིག་ཡིན་ངེས།
མི་ཚོགས་ཁྲོད་ཅི་ཞིག་བོར་བ་དང་འདྲའི་ཁོ་དང་ཁོ་མོ་ཚོ།
འཇིག་རྟེན་སྣང་བའི་ཆེད་དམ། བསླུ་མེད་བརྩེ་བའི་སླད་དམ།
ཟླ་བ་སྒོར་སྒོར་དེར་རེ་ཞིང་བསྒུགས་ལ།
ཉི་མས་ཕྱི་མིག་ཡང་ཡང་ཉུལ་བཞིན་འཆི་ལྷའི་པང་བར་བཞུད་དུས།
རྔོན་པའི་རྙི་འོག་ན་སྨན་ཤར་ཚོ།
མཚམས་སྤྲིན་བཞིན་ལྷག་པར་མཛེས་ཤིང་དམར་མདངས་ཆགས།
ཁོ་བོས། བརྩེ་སེམས་དྲན་ཚུལ་གླེང་ཞིང་།
ཁོ་མོས། འཁྲེང་སེམས་ལྕི་ཚུལ་བརྗོད་བཞིན།
རྨ་འགྲམ་ན། ཞིང་ཁ་ན། ནགས་གསེབ་ན།
སེམས་པ་སེམས་པར་ཐིམ། བརྩེ་བ་བརྩེ་བར་འཁྱུད།
རླུང་བོ་སིར་སིར། ཆུ་མོ་ཤང་ཤང་།
ཁོར་ཡུག་ཀུན་ཁོ་དང་ཁོ་མོ་ནང་བཞིན་འཇམ་ཅག་གེར། ཁུ་སིམ་མེར།
འཁོར་བའི་སྙིང་བོ་རུམ་ཞིང་བརྩེ་དུང་གི་ཟླ་འོད་བསྒོམས།
སྐབས་དེར།
རྨ་ཆུ་ནི་འཇིག་རྟེན་འདིའི་རོལ་དབྱངས་ཀྱི་རམ་འདེགས་ཉག་གཅིག་ཡིན་ལ།
ཟླ་འོད་ནི་འཁོར་བ་འདིའི་མ་བོས་མགྲོན་པོ་གཅིག་པུའང་ཡིན་སྲིད།
༢༠༠༩ལོའི་ཟླ༡༡ཚེས༢༡ཉིན་ལ་སྦྱར།
ཁམས་སུ་ཕྱིན་པའི་གྱ་གྱུའི་སེམས་འགྱུ(སྙན་ཚོམ)
ནམ་མཁའི་མཐའ་དང་མཉམ་པའི་མཛོད་དགེ་རྩྭ་ཐང་།
ནམ་མཁའ་དང་རྒྱ་མཚོ མཐའ་མེད་ཀྱི་ཁམས རྩྭ་ཐང
གཞི་གཅིག་ཏུ་བྲིས་པའི་ས་ཆེན་གྱི་པང་བ་རུ
ངས་བརྩེ་དུང་གིས་བཞད་པའི་མེ་ཏོག་སྣ་ཚོགས་ཀྱི་འཛུམ་མདངས་མཐོང་ཞིང
ཕུགས་འདུན་གྱིས་མཆེད་པའི་གྱ་གྱུའི་ཆུ་ཕྲན་གྱི་ཉམས་འགྱུར་དང
ལང་ཚོ་དང་གཟི་བརྗིད་ཀྱིས་འཕྱོ་བའི་གངས་རིའི་ཟིལ་ཤུགས
ད་དུང་རྫི་བོའི་མིག་འོག་ན་འཚོ་བའི་རྟ་ནོར་ལུག་གི་གཡང་ཁྱུ་དག
ཁྱེད་ཀྱི་མི་ཚེ་རིང་མོའི་རོལ་དབྱངས་ཤིག་གམ
ལོ་ཟླ་རེས་མོས་སུ་ཟགས་པའི་འཁོར་བ་ཡིན
མེ་ཏོག་གིས་སྐྱེས་གཟུགས་བསྒྲུན་པའི་ཉིན་མོར
མུ་མཐའ་བྲལ་བའི་ཁྱེད་ཀྱི་ནམ་མཁའི་ཁྱོན་ཡངས་མོར
རྒྱང་བཞུད་ཐེངས་གཅིག་བགྱི་འདོད་ཀྱི་ཀུན་སློང་ཁོལ་མ་དེ་སེམས་བཞིན
འཕྲུལ་གྱི་འཁོར་ལོའི་གོམ་པས་རི་དྭགས་གཤར་བའི་ཟོལ་གྱིས་ཕྱོགས་མེད་འཁྱམས་ཀྱང
ཉི་མ་སྔར་བཞིན་མགོ་ཐོག་ན་ལྗིད་ཏིག་ཏིག་གིས་བགྲོད་ཅིང
རྩྭ་ཐང་སྔར་བཞིན་མིག་མདུན་ན་རྒྱང་རིང་དུ་མཆེད
ཤར་གྱི་ཕྱོགས་རྣམས་ཁྱེད་ཀྱི་མགུལ་དུ་བསྒྲོན་ཞིང
ནུབ་ཀྱི་འཛིན་མ་ཁྱེད་ཀྱི་པང་དུ་འཁྱིལ་འདུག་པས
ཇི་ལྟར་བལྟས་ཀྱང་ངོམས་པ་མེད་པའི་ཁྱེད་ཀྱི་འཇིག་རྟེན་ན
མཛེས་སྡུག་ལ་མཚན་ཉིད་ཀྱིས་སྟོང་ཞིང
ཕ་མཐའ་ལ་ཐ་སྙད་ཀྱིས་དབེན
རྩྭ་ཐང་གི་ཕ་རོལ་ན་གངས་རིའི་རྩེ་མོ་གང་ལ་ཟུག་འདུག
རྩྭ་ཐང་གི་ཚུར་རོལ་ན་གཙང་བོའི་ཆུ་རྒྱུན་གང་དང་འབྲེལ
ཁ་བའི་དྲི་མས་ཁྱབ་པའི་རྩྭ་ཐང
ལྗང་ཁུའི་སྲོག་གིས་གསོན་པའི་རྩྭ་ཐང
ཡུལ་མི་དག་གིས
ཁྱེད་ཀྱི་མཛེས་སྡུག་ཡོད་ཚད་ཆང་ཕོར་དུ་བླུགས་ཏེ་བཏུང་ཞིང
ཁྱེད་ཀྱི་བསམ་བྱ་ཅི་རིགས་སྤྲིན་དཀར་ལ་བཅོལ་ཏེ་རྒྱང་རིང་དུ་ཆས་སོང
དུས་ནམ་ཡང
༢༠༡༣ལོའི་ཟླ༡༠ཚེས༢༢ཉིན།
ཕྱོགས་སུ་མ་ལྷུང་བའི་རྔ་བ།
ཁ་དོག་དང་དབྱིབས་ཀྱིས་གྲུབ་པའི་ས་སྲོད་ཅིག་ལ
ང་རང་ཁྱེད་ཀྱི་ཁ་སྐྱེངས་པ་བཞིན་གྱི་འཛུམ་མདངས་དམར་པོ་དང
སླད་མ་འདྲེས་པའི་ཡུལ་ལྗོངས་དག་ལ་མཇལ་དུས
ཆར་གྱིས་བྲན་དྲགས་པའི་གདོང་གི་གྲོག་ཤུར་དག་དང
འཁྱག་རླུང་གིས་གཙེས་དྲགས་པའི་རི་བོའི་རྔུལ་ཆུ་དག
རྔ་ཆུ་སྔོན་མོའི་བརྩེ་བའི་ཁུད་དུ་གཅུད་ཅིང
རྔ་ཡུལ་ཕྱུག་མོའི་རླབས་ཀྱི་ཐོད་དུ་བླངས་པས
རྔ་བ་ཚོགས་རྔ་བཞིན་སྒོར་ལ
རྔ་བ་ཁྲོ་རྔ་བཞིན་སྙན
རི་མོ་གསལ་བའི་ཉིན་མོའི་མིག་འོག་ནས
ཁྱེད་ཀྱི་འཛུམ་མདངས་གསལ་བོར་མཐོང་དཀའ་ནའང
ལོ་རྒྱུས་ཀྱི་གཟུགས་རིས་འཚེར་བའི་གྲོང་ཚོའམ
ཐོགས་རེག་གི་འགག་སྒོ་བྲལ་བའི་གྲུ་ཁ་དེ་རུ
ཀི་རྟི་ནས་སྣང་ཞིག་མཐོང་ཞིང
རྟོགས་ལྡན་ནས་སྒོ་མང་ཚོར་བས①
ཕྱོགས་སུ་མ་ལྷུང་བའི་རྔ་བ
རིས་སུ་མ་ཆད་པའི་རྔ་བ
རྔ་བའི་མེ་ཏོག་ལ་ལང་ཚོ་ཡོད
རྔ་བའི་ལང་ཚོ་ལ་སྒོར་སྒོར་ཡོད
ཕྱི་ཉིན་ཞོགས་པར
བྲལ་ཁ་མའི་མིག་ཞགས་ཤིག་རྒྱང་རིང་ནས་འཕངས་སོང་བ
སླར་མཇལ་ཡོང་བའི་སྨོན་ལམ་ཡིན་ནམ
འབྲལ་མ་འདོད་པའི་བརྩེ་སེམས་ཡིན
ལེགས་ཚོགས་སྟོང་གིས་སྦྲུམ་པའི་རྔ་བ
ཤེས་རབ་ལྷུམས་སུ་ཞུགས་པའི་རྔ་བ
①ཀི་རྟི་དང་སྣང་ཞིག རྟོགས་ལྡན་དང་སྒོ་མང་བཅས་ནི་སི་ཁྲོན་རྔ་བ་རྫོང་མཁར་དུ་མཆིས་པའི་དགོན་པ་བཞི་ཡིན་ཞིང་། ཀི་རྟི་དང་སྒོ་མང་དགོན་གཉིས་ནི་དགེ་ལུགས་པའི་གྲུབ་མཐའ་དང་། སྣང་ཞིག་དང་རྟོགས་ལྡན་དགོན་གཉིས་ནི་གཡུང་དྲུང་བོན་གྱི་གྲུབ་མཐའ་ཡིན་ཡང་། རྔ་བའི་ཡུལ་དུ་གྲུབ་མཐའ་ལ་ཕྱོགས་རིས་མེད་ཅིང་མང་ཚོགས་རྣམས་ཀྱང་གང་འདོད་དུ་གྲུབ་མཐའ་སོ་སོའི་དགོན་དུ་རེས་མོས་སུ་མཇལ་སྐོར་དུ་འགྲོ་བས། དད་པར་ཕྱོགས་རིས་དབེན་པའི་ལུགས་འདིར་བོད་དམངས་ཡོངས་ཀྱིས་བླ་ལྷག་ཏུ་བཀུར་འོས་སྙམ།
༢༠༡༣ལོའི་ཟླ༡༡ཚེས༢༤ཉིན།
རྒྱལ་རོང་ན་གསོན་པའི་ལྕོག་ཚོགས།
ལྕོག་ནི་རང་སྐྱ་འཕེར་བའི་ཕོ་རྒོད་ཅིག་གི་འཁྲུངས་རབས་ཡིན
ལྕོག་ནི་ཕ་མཐའ་ནས་སྟོབས་ཀྱིས་འགྱིངས་པའི་རུ་དཔོན་ཡིན
ཉི་མའི་བུ་རྒྱུད་དུ་སེམས་པའི་ཁྱོད
ས་བཙན་ཆུ་གཙང་གི་ཁོར་ཡུག་ཅིག་ཏུ་ཐོག་མར་རྙེད་ཅིང
བཙན་ལྷ་རུ་བསམ་ནས་མགོ་བོ་དུད
ཕོ་བྲང་དུ་འདོད་ནས་རྒྱང་ལྟ་བྱས
རྡོ་ལ་བཏབ་པའི་ཚེ་སྲོག་གི་ལྷག་མ མཐའ་རུ་བཏང་བའི་བཙན་པོའི་ཕོ་ཉ
སྲོག་ཤིང་ས་ལ་ཟུག་ཀྱང་དབུ་འཕང་དགུང་དུ་འཕྱོ
ཞབས་རྗེས་རོང་དུ་འཁོད་ཀྱང་རྣམ་ཤེས་གངས་ལ་འཐིམས
རི་ཚོགས་ཀྱི་ཁྲོད་ན་དཔའ་ཉམས་བརྗིད་པའི་རི་ཚོགས་དང་འགྲན་པའི་ཁྱེད་ཅག
གང་ལས་ཐོན་ཏེ་གང་ལ་འགྲོ་གྲབས་ཀྱི་མགྲོན་པོ་དང
སུ་ལ་བརྩེ་ཞིང་གང་ལ་སྡང་བའི་རལ་གྲི་དངོ་གཉིས་མ
གངས་རིའི་དབུ་རྩེ་ནས་རྡོག་ཐོན་བྱུང་བའི་བཀའ་ལུང་རེ་རེ
བེེ་རོ་ཙ་ནའི་ཁོང་གསེང་བརྒྱུད་དེ་ཁྱེད་ཀྱི་སེམས་ལ་ལྷུང་ཞིང
རྒྱང་ཐག་རིང་མོའི་འདུན་མ་དེའི་སླད་དུ
འབྲོང་རྒོད་ཀྱིས་རྭ་རྩེ་བདར གངས་སེང་གིས་གཡུ་རལ་གསིག
སྐྱེ་འཆིའི་བར་ན་རྣམ་ཤེས་ཀྱི་རྒྱུན་ཐག་རིང་དུ་བསྲིངས
རྒྱལ་ཕམ་གྱི་ཁ་ན་ང་རྒྱལ་གྱི་ཀི་སྒྲས་ནམ་མཁའ་འགེངས
ང་རང་ཁྱེད་ཀྱི་མདུན་དུ་འགྲེང་ནས་ཡུན་རིང་འགོར་ཡང
ལམ་སང་ཅི་ཡང་བསམ་མི་འདོད་ལ ཅི་ཡང་འདྲི་མི་འདོད
ཁྱེད་ཀྱི་བསམ་བྱ་དག་ཁྱེད་ཀྱི་གདོང་ན་མཆིས་ཤིང
ང་ཡི་དྲི་བ་དག་ང་ཡི་མིག་ཀོང་ན་གསལ་བས་སོ།།
༣༠༡༣ལོའི་ཟླ༡༠ཚེས༢༨ཉིན།
རོང་བྲག་མཛེས་མའི་ལུང་བ།
གོ་ཐོས་ལ གནས་འདི
མ་སྐྱེས་སྐྱེས་ཐམས་ཅད་མཛེས་མ་དང
ཕོ་སྐྱེས་སྐྱེས་ཐམས་ཅད་དཔའ་རྒོད་ཅེས་གྲགས་སྐད
རྒྱང་རིང་ནས་གནས་འདིར་སླེབས་དུས
མིག་གི་མདའ་མོ་ཕྱོགས་མེད་འཕང་ཞིང
སེམས་ཀྱི་དྲན་སྣང་གང་ཅིར་སྤུར་ཡང
བསླད་མ་འདྲེས་པའི་བོད་ལུགས་ཀྱི་ཁང་མིག་དང
མཐོ་ཞིང་བརྗིད་པའི་གནས་མཆོག་དམུ་རྡོ①
སྒེག་ཉམས་བརྒྱ་འགྱུར་གྱིས་བཞུར་བའི་རྒྱལ་མོ་རྔུལ་ཆུ
རྟ་ནོར་ལུག་གི་ཞབས་རྗེས་དབེན་པའི་གྲོང་ཚོ
དེ་དག་ལས
མཛེས་མའི་ལུང་བ་འདི་རུ
མཛེས་མའི་གྲིབ་མ་ཙམ་ཡང་མཐོང་མ་བྱུང
བརྒྱད་ཅུའི་གྲོང་ཚོའི་②སྒེའུ་ཁུང་བརྒྱུད་དེ
གནས་མཆོག་དམུ་རྡོའི་བརྗིད་ཉམས་བསམ་བཞིན
མཛེས་མའི་སྣང་བརྙན་བཙན་གྱིས་བཞེངས་ཤིང
བྱད་བཞིན གཟུགས་གཞི སྐྲ་ལོ་སོགས་བཙན་གྱིས་ཡང་ཡང་བསྒྲིགས
ས་རུབ་རྗེས
མདུན་གྱི་རི་བོ་དག་ཡོམ་ཡོམ་གྱིས་འགུལ་བཞིན
སེམས་ཀྱི་སྣང་བརྙན་མཆོར་བོ་དག་ཤིག་ཤིག་སྟོར་དུས
མཛེས་མའི་ལུང་བར་མཛེས་མའི་ཨ་མ་ལས་མཛེས་མ་མི་འདུག་ཅེས་བསྐུར་བའི
རྒྱང་རིང་གི་གྲོགས་པོའི་བརྡ་འཕྲིན་དེས
བདག་ཉིད་གཅིག་པུ་ཁོང་དགོད་ཤོར་དུ་བཅུག་ཅིང
ཉིན་དེའི་ཡིད་བརྙན་ཡོད་ཚད་ལ་རྫོགས་ཚིག་ཐོབ་པ་གཞི་ནས་རྟོགས་སོང
༢༠༡༣ལོའི་ཟླ༡༡ཚེས༤ཉིན།
①གནས་མཆོག་དམུ་རྡོ་ནི་ཤར་རྒྱལ་མོ་དམུ་རྡོ་ཞེས་སུ་གྲགས་པ་དེ་ཡིན་ཞིང་མདོ་དབུས་ཁམས་གསུམ་དུ་བགོས་པའི་མདོ་ཁམས་ཏེ། དེང་གི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱལ་དར་རྩེ་མདོ་གྲོང་གི་བཞག་བྲག་ལྟག་སྒོའི་བྱང་སྨད་ཀྱི་ཕྱོགས་དང་།རྒྱལ་རོང་རོང་བྲག་རྫོང་གི་མངའ་ཁོངས་ཤར་ཕྱོགས་སྤྱི་ལེ་བདུན་བརྒྱད་ཀྱི་མཚམས་སུ་གནམ་གྱི་ཀ་བ་ལྟར་བརྗིད་ཤིགས་སེར་གནས་པ་དེའོ།།
②བརྒྱད་ཅུའི་གྲོང་ཚོ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་མཁར་ནས་བྱང་དུ་ལེ་དབར་བདུན་གྱི་མཚམས་སུ་གནས་པའི་གྲོང་སྡེ་ཞིག་གི་མིང་(丹巴县聂呷乡甲居藏寨)ཡིན་ཞིང་།དུད་ཁྱིམ་བརྒྱད་ཅུ་ལྷག་མཆིས་པས་མིང་དེ་ལྟར་ཐོགས་པར་མངོན་ལ། བོད་ཁུལ་གྱི་ལྷ་སྒྲུང་གི་འཇིག་རྟེན་ཞེས་པའི་ཡུལ་སྐོར་གྱི་ཐོབ་ཐང་གནང་ཡོད་པའི་ལྗོངས་རྒྱུའི་གནས་མཆོག་ཅིག་ལགས།
ཆོས་ཀྱི་གྲོང་ཁྱེར་གསེར་རྟ།
ཆོས་ཀྱི་ཆར་བ་འབབ་སའི་ལུང་བ་དེ
ཆོས་ཀྱི་དབྱངས་རྟ་གྱེར་སའི་དབེན་གནས་དེ
ཆོས་ཀྱི་ངུར་སྨིག་རོལ་བའི་རྣལ་འབྱོར་ཞིག་ཡིན་ལ
ཆོས་ཀྱི་གླེགས་བམ་བསྣམས་པའི་རྟོག་གེ་བ་ཞིག་ཀྱང་ཡིན
ཡར་སྔོན་དུ
ཐོས་མྱོང་ལ་མཐོང་མ་མྱོང་བའི་གསེར་རྟ་ནི
གྲོང་ཚོ་ཞིག་ཡིན་ནམ་ཆོས་སྡེ་ཞིག་ཡིན་མིན་ཡང་མ་ངེས་ལ
ཁེར་རྐྱང་ཞིག་ཡིན་ནམ་འདུ་འཛི་ཞིག་ཡིན་མིན་ཡང་མ་ཚོར
མངོན་སུམ་གྱི་སྒེའུ་ཁུང་བརྒྱུད་པའི་དེ་རིང
ལྷིང་འཇགས་མ་ཡིན་པའི་ལྷིང་འཇགས་ཀྱི་མི་རྣམས
འདུ་འཛི་མ་ཡིན་པའི་འདུ་འཛིའི་མི་ཚོགས
ལུང་གཞུང་དེ་རུ
ཚལ་བྲིས་གླེགས་བམ་སྟེང་གི་ཡིག་འབྲུ་འབུམ་ཕྲག་གཏོར་བ་བཞིན
ཕྱི་རོལ་སྟོང་ཁམས་ཀྱི་རྒྱུ་སྐར་བགྲང་ཡས་བཀྲམས་པ་བཞིན
ངས་རྟོག་འཆར་གྱི་སེམས་འཕྲིན་ཁད་ཀྱིས་ཟགས་འགྲོ་དུས
པུར་གྱིས་འབྲི་དཀའ་ཞིང་ལྗགས་ཀྱིས་བརྗོད་དཀའ་བའི་ཞིང་ཁམས་འདི
པར་ཆས་ཀྱི་སྒེའུ་ཁུང་བརྟོལ་ནས་མ་གཏོགས
སྐུ་ཉིད་ཀྱི་ངོ་གདོང་རྒྱ་མར་འཇལ་མ་ནུས་ཤིང
སྐུ་ཉིད་ཀྱི་ཕུང་བོར་རྒྱང་གཟིགས་བགྱི་མ་ནུས
གསེར་རྟ ཉི་མའི་ལམ་ལ་ཞུགས་པའི་ཉི་མའི་གྲོང་ཁྱེར
གསེར་རྟ ཆོས་ཀྱི་འོད་ལ་འཐིམས་པའི་ཆོས་ཀྱི་གྲོང་ཁྱེར
༢༠༡༣ལོའི་ཟླ༡༠ཚེས༢༩ཉིན།
འོད་དུ་འཚེར་བའི་སྡེ་དགེ སྡེ་དགེ
ཁྲོ་ལ་རི་བོའི་①ངོ་གདོང་རྫ་རི་བཞིན་སྨུག་སེང་ངེར
ཡིད་ལྷུང་ལྷ་མཚོའི་②འཛུམ་མདངས་པད་མ་བཞིན་འཇམ་གྱི་ལེར
ཁྲོ་ལ་བརྒྱུད་ནས་ཁྱེད་རང་ལ་མཇལ་དུས
ཕ་མེས་ཡང་མེས་ཀྱི་སྙན་ཤལ་བརྒྱུད་པའི་གཏམ་རྒྱུད་དང
ལོ་རྒྱུས་ཀྱི་ལག་མཐིལ་ནས་རྙེད་པའི་བྱུང་བ་དག
ཁྱེད་ནང་བཞིན་བོགས་རྒྱས་ཤིང་མདངས་མངོན་པས
མངོན་སུམ་ཚད་མའི་སྡེ་དགེ
འོད་དུ་འཚེར་ཞིང་སྟོབས་ཀྱིས་འབར
བཞད་ཟིན་པའི་མེ་ཏོག་ཁྱེད་ལས་མཐོང
བཞད་བཞིན་པའི་མེ་ཏོག་ཀྱང་ཁྱེད་ལས་རྟོགས
ལྔ་རིག་གི་མེ་ཏོག་འཁྲུངས་སའི་སྡེ་དགེའི་དཔར་ཁང་ན
གསུང་དབྱངས་དྲུག་ཅུའི་གཤོག་འགྱུར་ཡང་ཡང་ངོམས་ཤིང
བདེ་སྟོང་ཟུང་གི་འོད་སྣང་ཡང་ཡང་བསྐྲུན་དུས
སྲིད་པའི་དབུ་རྩེ་ནས་ཤར་གྱི་རྒྱ་མཚོའི་བར
ངག་རིག་གི་མེ་ཏོག་གྲུ་ཆར་གྱིས་བརླན་པར་བྱས
སྡེ་དགེ ཁྲོ་ལ་རི་བོའི་གཟི་འོད་ཀྱིས་སྲུང་ཡོད་ལ
སྡེ་དགེ ཡིད་ལྷུང་ལྷ་མཚོའི་མཆོར་སྒེག་གིས་བརྒྱན་ཡོད་པས
སྡེ་དགེ་ནས་ཆུང་མའང་མ་དྲན་ལ
བུ་ཆུང་ཡང་དྲན་མ་བྱུང
༢༠༡༣ལོའི་ཟླ༡༠ཚེས༢༨ཉིན།
①ཁྲོ་ལ་རི་བོ་ནི་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁོངས་ཀྱི་མ་ཎི་གད་མགོ་གྲོང་རྡལ་གྱི་ཁོངས་སུ་མཆིས་ཤིང་།རྨིད་༥༠༠༠ཡན་གྱི་རི་བོ་བརྒྱ་ལྷག་འདུག་ཁར་དུས་བཞིར་གངས་ཀྱིས་གཡོག་ཅིང་རི་རྒྱུད་དག་ཏུ་ཡིད་ལྷུང་ལྷ་མཚོ་སོགས་མཚེའུ་མང་བོ་ཡོད་པའི་གནས་རི་མཛེས་སྡུག་གིས་ཕྱུག་པ་ཞིག
②ཡིད་ལྷུང་ལྷ་མཚོ་ནི་སྡེ་དགེའི་ཁྲོ་ལ་རི་བོའི་འདབས་སུ་གནས་ཤིང་ངག་རྒྱུན་དུ་གླིང་གེ་སར་རྒྱལ་བོའི་བཙུན་མོ་འབྲུག་མོ་གནས་འདི་གར་ཕེབས་དུས་མཚོ་ཡི་མཛེས་སྡུག་གི་རྣམ་པས་ཡིད་དབང་འཕྲོག་སྟེ་ཡུལ་དུ་ལོག་མ་འདོད། མཐར་གེ་སར་བསུ་བར་ཡོང་བས་གཞི་ནས་ཡུལ་དུ་ལོག་ཀྱང་ཡིད་སེམས་མཚོ་འདི་ལ་ཆགས་པའམ་ལྷུང་བས་ཡིད་ལྷུང་ལྷ་མཚོ་ཞེས་ཀུན་ལ་གྲགས་སོ།།
ཉི་མ་དང་ཁད་ཉེ་བའི་རྫོགས་ཆེན།
གངས་རིའི་འདབས་རོལ་ནས
རྫོགས་ཆེན་པད་མའི་མྱུ་གུ་རྒྱས
ཐེག་དགུའི་ཆོས་ཉིད་ཀློང་ནས་བརྡོལ
འདས་པའི་རྨི་ལམ་དག་ཏུ
གནས་འདི་ནི་སྤངས་རྟོགས་ཀྱི་འཇའ་ཚོན་བཞད་ས་དང
ས་ཆེན་གྱི་གོ་འཕང་བསྙེག་སར་བཞེད་པས
ངའི་དྲན་སྣང་གི་རླུང་བུ་ཟིར་ཟིར་ལྡང་བར་བྱེད་ཅིང
འབྲི་མི་ནུས་པའི་འཇིག་རྟེན་ཞིག་ཀྱང་ངང་གིས་འཆར་འོངས
འོད་དུ་འཚེར་བའི་རྒྱ་ཕིབས་དང་མཆོད་རྟེན སྐུ་རྟེན་དག་མཐོང་དུས
ངས་རྫོགས་པའི་ཐང་ཆེན་བགྲོད་ཟིན་པའི་མི་ཡི་སེང་གེ་དག་དྲན་འོངས
ཐར་བའི་ལམ་སྣ་ཟིན་པའི་སྐྱེས་བུ་དམ་པ་དག་གི་ཞབས་རྗེས་ཀྱང་དྲན་འོངས
བགྲོད་དཀའ་བའི་རི་སྐེད་དུ
རང་བྱུང་གི་རྡོའི་ཁང་མིག ཤོང་དཀའི་ཁང་མིག རྫ་དཔལ་སྤྲུལ་གྱི་མཚམས་ཁང
སྟོང་ཉིད་ཁམས་ཀྱི་ལྷིང་འཇགས་ཀྱི་མྱོང་བའི་ཁྲོད
ཁོར་ཡུག་གྲོགས་སུ་བསྡོངས་པའི་ཆུ་སྒྲའི་ཁྲོད
སྐྱེས་བུ་ག་གེ་མོའི་རྟོགས་པའི་སེམས་སྒྲ་ཚོར་བ་བཞིན
སུམ་སྡེའི་①ཀློང་ཡངས་བསྙེག་པའི་རྡོག་སྒྲ་ཐོས་པ་བཞིན
རྫོགས་ཆེན་ནི་རྫོགས་པ་ཆེན་པོའི་ལྟ་བའི་འོད་སྣང་སྤུར་ས་དེ་ཡིན
རྫོགས་ཆེན་ནི་ངའི་ཕ་མེས་ཀྱི་མཚན་ལ་མཚམས་པ་རྟ་མགྲིན་②ཐོགས་ས་དེ་ཡིན
①སུམ་སྡེ་ནི་སྡེ་གསུམ་སྟེ་རྫོགས་ཆེན་ལ་ནང་གསེས་སུ་ཕྱེ་ན་སེམས་སྡེ་དང་ཀློང་སྡེ་མན་ངག་གི་སྡེ་གསུམ་དུ་བཤད་པ་དེའོ།།
②མཚམས་པ་རྟ་མགྲིན་ནི་ང་རང་གི་མེས་པོ་ཞིག་གི་མིང་ཡིན་ཞིང་ཆུང་དུས་ནས་ཕ་མའི་དྲུང་དུ་ཀ་ཁའི་སྦྱོར་ཀློག་ལ་འབད་ཅིང་།དགུང་ལོ་བཅོ་ལྔའི་མཚམས་སུ་སྡེ་བའི་སྔགས་གྲལ་དུ་ཞུགས་ཏེ་ཆོས་སྤྱོད་ཆོ་གའི་ཕྱོགས་ཐམས་ཅད་བྱང་ཆུད་པར་སྦྱངས་ཤིང་།དགུང་ལོ་ཉི་ཤུ་འགའི་དུས་ཁམས་ཕྱོགས་རྫོགས་ཆེན་དུ་ཕེབས་ཏེ་རྙིང་མའི་ལྟ་སྒོམ་སྤྱོད་གསུམ་ཐད་དཔེ་མེད་པ་སྦྱངས་མཐར་རང་ཡུལ་དུ་ལོགས་ཁར།སྡེ་བའི་སྔགས་ཁང་གི་ཁྲི་བ་མཛད་པ་དང་ལོ་མང་བོར་མཚམས་བཅད་ཀྱིས་སྒོམ་སྒྲུབ་བླ་མེད་བྱས་པ་སོགས་ཀྱི་རྐྱེན་པས་ཨ་ཁུ་མཚམས་པ་རྟ་མགྲིན་ཞེས་ཡུལ་ཕྱོགས་སུ་ཁྱབ་པ་དེའོ།།
༢༠༡༣ལོའི་ཟླ༡༡ཚེས༡༠ཉིན་ལྷ་མཁར་ཚེ་རིང་གིས་ཁྲི་ཀར་སྦྱར།
ང་དང་ངའི་གྲོང་ཁྱེར།
ང་རྫི་བོ་བཞིན་ངའི་གྲོང་ཁྱེར་དེར་འཚོ་དུས།
ང་དང་ངའི་གྲོང་ཁྱེར་གྱི་ཁ་ཞེང་དོག་ཅིང་ཕུ་ཐག་ཐུང་།
རྐང་ཐང་རེ་གཉིས་ལས་མི་ཤོང་བའི་ལམ་ཕྲན་གཅིག་པུར།
དམིགས་ཡུལ་གྱིས་སྟོངས་པའི་སེམས་པ་དག་གཡས་གཡོན་ན་རྒྱུ་ཞིང་།
གདངས་མི་གསལ་བའི་སྒྲ་དབྱངས་ཤིག་རྒྱང་རིང་གི་གཏིང་ཞིག་ནས་འོང་བཞིན་པའི་ཚུལ་གྱིས་གྲག་ལ།
གོམ་པ་འགས་ཆོད་པའི་ཁང་ལེབ་ཆུང་ཆུང་རྣམས་དང་།
མཛུབ་མོས་བགྲང་ནུས་པའི་ཁང་རྩེག་དག་ཀྱང་།
ང་རྒྱལ་གྱིས་ཐར་ཐོར་དུ་འགྱིང་།
འཚུབ་ཤ་མེད་པའི་ཞག་པོའི་བརྩེགས་གཉེར་ཁྲོད།
ང་མཚན་མོ་བཞིན་ཁུ་སིམ་མེར། ལྷིང་འཇགས་སེར་ཆས་ཤིང་།
རྩྭ་ཐང་ཡང་མི་དྲན་ལ་ལོ་རྒྱུས་ཀྱང་མི་སེམས་པའི་ང་།
འདི་ལྟར་འཇའ་ཚོན་བཞིན་ངའི་གྲོང་ཁྱེར་གྱི་ལམ་མདོ་ན་ཟད།
འགྲུལ་བཞུད་ཐེངས་ཤིག་གི་རྟོགས་སད་ཀྱིས།
ངའི་འཚོ་བར་བྲེལ་ཤ་བསྣན་ཅིང་།
སྟོང་སྣང་གིས་འཁྲིགས་པའི་ངའི་གྲོང་ཁྱེར་ལ།
མ་བོས་མགྲོན་པོ་གྲོག་མའི་ཚང་བརྡོལ་བ་བཞིན་བྱུང་ལ།
རང་ཉིད་ལ་རྐང་བ་འཇོག་སའི་གནས་ཤིག་ཨེ་ཡོད་ཀྱི་ཞེད་སྣང་འཚེར།
རླུང་རྟ་ལས་མང་བའི་ཁང་རྩེག་དང་སྨུག་རྫོབ་ཀྱིས།
དབུགས་ཀྱང་རྔུབ་དཀའ་བའི་ཚོར་སྣང་ཞིག་སྦྱིན་ཅིང་།
སྐབས་དེར།
ནམ་མཁའ་མཐོང་དཀའ་ལ་རྩྭ་ཐང་དེ་བས་ཀྱང་ངོ་།།
ད་ལྟ། ང་དང་ངའི་གྲོང་ཁྱེར།
མི་ཚོགས་ཀྱི་ཁྲོད་ན་ངལ་དུབ་ཀྱིས་གཙེས་ཏེ་རང་མདོག་ཡལ།
དུག་རླངས་ཀྱིས་གདུངས་པས་སྨྲ་སྒོ་ཆད།
གཡོ་ཟོལ་གྱིས་སྦགས་པས་མནོ་བསམ་ཚར།
ཡིན་ནའང་།
ཀུན་རྟོག་རི་མོ་གཙང་མའི་འགྱུ་སྟོབས་དང་།
སྤངས་རྟོགས་ཡོན་ཏན་ནོར་བུའི་ལང་ཚོ་ཡི་ནུས་སྟོབས་ཀྱིས།
ང་དང་ངའི་གྲོང་ཁྱེར་ཡང་།
འཇིག་རྟེན་ཀུན་གྱིས་སྨོན་སར་མི་འགྱུར་བའི་ངེས་པ་མ་མཆིས་ཤིང་།
དྲང་བདེན་ནི་གཡོ་སྒྱུས་མ་བཀབ་ཅིང་།
དོན་དམ་ནི་ཚུལ་འཆོས་ཀྱིས་མ་བསྒྱུར་ན།
ང་དང་ངའི་གྲོང་ཁྱེར་གྱི་དམིགས་སའང་དེ་ཡིན་སྲིད་ལ།
ཆེས་མཇུག་གི་གནས་མལ་ཡང་དེ་ཡིན་ངེས་སོ།།
༢༠༠༩ལོའི་«སྦྲང་ཆར་»དེབ་གསུམ་པའི་སྟེང་བཀོད།
ཁྲི་གཤོག་རྒྱལ་མོའི་ཁར། ལུག་ཆུང་འཚོ་རུ་འགྲོ།
གྲོང་ཁྱེར་ན་ཟད་བཞིན་པའི་གཞས་གླུ་སྙན་མོ་ཞིག་གིས།
ངའི་ཡིད་སེམས་སྙི་མོ་ཐོགས་བྲལ་གྱི་ལུས་ལ་སྤྲུལ་ཏེ།
གནམ་སྔོན་པོའི་མདངས་ལ་འཁུ་ཞིང་།
ས་དོག་མོའི་ཁོད་ལ་བསྒྲུན་པའི་མཚོ་ཁ་དེར་སོན་ཙ་ན།
ངས་ཁྱོད་ཀྱི་ཕྱི་ལོགས་སུ་སྨིན་པའི་གཏམ་རྒྱུད་དག་རང་དབང་གིས་དྲན་ཞིང་།
ངས་ཁྱོད་ཀྱི་རླབས་རྩེ་ན་འཕྱོ་བའི་ལོ་ཟླའི་རབ་རུབ་དག་ཀྱང་བན་བུན་གྱིས་དྲན་ཡོང་ལ།
ལུག་རྫི་བུ་མོའི་ལས་དབང་གིས་བསྐྲུན་པའི་མངའ་ཐང་ཞིག་གམ།
སྟག་ཤར་གཞོན་ནུའི་ལང་ཚོ་ཡིས་བསྐྱེད་པའི་ལོག་མལ་ཞིག་བསམ་བཞིན།
སྲབ་མེད་ཀྱི་བློ་མིག་གནས་དེར་གཏད་དགོས་པའང་གཞས་གླུ་དེའི་བསྐྱེད་འབྲས་ཅི་ལ་མིན།
ཟླ་བ་སྒོར་སྒོར་ཡིན་པའི་མཚན་མོ་དེར། ང་།
ཁྲི་གཤོག་རྒྱལ་མོའི་སེམས་ངོགས་སུ་འགྲེང་ནས།
རླབས་ཀྱིས་ཁྱེར་ཡོང་བའི་ལོ་རྒྱུས་ཀྱི་ལྟེབས་གཉེར་རེ་རེ་བཀླག་དུས།
ཨ་ཅེ་རྒྱ་བཟའི་བརྩེ་བ་ནས་མཆེད་པའི་གླུ་གཞས་ཏེ།
ཁྲི་གཤོག་རྒྱལ་མོའི་ཁར། ལུག་ཆུང་འཚོ་རུ་འགྲོ་ཞེས་པའི་དབྱངས་རྟ་སྙན་མོ་དྲི་བཞོན་དང་བསྡོངས་ནས།
རྒྱང་ཐག་ཉེ་བའི་བློན་པོ་གསེར་ཆེན་གྱི་སེམས་རྩེ་ལ་ཟུག་ཡོང་བ་ནི།
ཟིལ་ཤུགས་ཀྱི་དྲག་པ་འཛིན་པའི་མགར་བློན་ཕ་བུའི་བརྩེ་གླུ་དང་འདྲ་ཞིང་།
འཁོར་བའི་བརྗོད་སྙིང་གསལ་བའི་རྗེ་ཚངས་དབྱངས་པའི་མགུར་གླུ་དང་འདྲ་ལ།
སྲིད་གསུམ་གསུང་དབྱངས་རྫོགས་པའི་ངག་གི་ལྷ་མོའི་རིག་ངག་དང་ཅིས་མི་མཚུངས།
རླབས་སྒྲ་སེམས་རྟེན་དུ་ཉར་ཟིན་པའི་བྱུང་བ་དག་ནི།
ཕྱིར་ཡོང་མེད་པའི་དུས་ཀྱི་སྐར་མདའ་དང་།
སྟོན་རླུང་གིས་སྤུར་བའི་ལོ་མའི་ཆོས་ཉིད་དང་མཐུན་པ་སུས་བརྗེད་སྲིད་ཨང་།
ལུག་ཆུང་འཚོ་བའི་བུ་མོ་དག་ནི་རླབས་སྒྲ་གླུ་རུ་འགུག་པའི་གཞས་མ་ཡིན་ལ།
རྫི་གླུར་གོམས་པའི་སྟག་ཤར་དག་ནི་མིག་ཟུང་ཡུལ་ལ་བཏབ་པའི་བྱ་ར་ཡིན་ན།
སྒེའུ་ཁུང་མེད་པའི་གྲུ་ཁ་དེ་རུ།
ཕོ་ལོ་ལྔ་གསུམ་བཅོ་ལྔ་སེམས་པའི་བརྩེ་བའི་བསྙེག་ས་དེ་དང་།
“རྒྱང་རིང་གི་ཡུལ་གྲུ་ཞིག་ན། བུ་མོ་བཟང་མོ་ཞིག་འདུག།”ཅེས་པའི་སྒྲོལ་མ།
ད་དུང་ལུག་ཆུང་འཚོ་རོགས་དག་གམ།
ལ་རྒྱའི་དཔུང་ལ་བཏེགས་པའི་“མཚོ་སྔོན་པོའི”གླུ་དབྱངས་ཀྱི་རུ་ཚོགས་དག་ཀྱང་།
དྲན་ཆོག་ཆོག་དང་གླེང་ཆོག་ཆོག་ཅི་ལ་མིན།
ཆར་ཆུ་བཙན་པའི་སྟོན་ཁ་ཞིག་ལ།
ངས་བརྙན་ཆས་ལག་ཏུ་ཐོགས་ཏེ།
ཁྱོད་ཀྱི་ལྷད་མ་ཞུགས་པའི། ཡིད་གར་འོང་བའི། མཛེས་སྡུག་གི་ཞལ་རས་དེ།
དྲན་པའི་རྟེན་ནམ་སེམས་ཀྱི་གཞི་ལ་ཡིད་ཚིམས་པ་ཞིག་འགོད་ཕྱིར།
ཟོལ་མེད་ཀྱི་བརྩེ་བ་དགུང་ལ་བསྲིངས་ཏེ་ཁྱོད་ཀྱི་པང་དུ་སླེབས་ནའང་།
གཞུང་དྲང་ཞིང་སྙིང་རྗེ་ངོ་ཚས་ཕྱུག་པའི་རྫི་བོ་དག་གམ།
ལུག་ཆུང་གི་གྲངས་དང་མཉམ་པའི་བུ་མོ་དག
ལུག་ཆུང་གི་ལྷས་ར་སྨུག་པོ་དང་ཞལ་གྱེས་པས།
ཁོ་མོ་གཅིག་པུར་སྨིན་པའི་ཡ་མེད་ཀྱི་སྤྱན་ཆུང་དང་།
མགོ་དཀྲིས་དམར་བོའི་ཕག་གི་དམར་ཆུང་གི་འཛུམ་ཀོང་ངམ།
ཁྲི་གཤོག་རྒྱལ་མོའི་ཁར། ལུག་ཆུང་འཚོ་རུ་འགྲོ་ཞེས་པའི་གཞས་ཚིག་ཉིད་ཀྱང་།
ཚ་བས་གདུང་དྲག་པའི་མེ་ཏོག་གི་རང་གཤིས་ནང་བཞིན།
མགོ་བོ་དུད་དེ་རྙིད་མགོ་ཚུགས་ཤིང་།
དགའ་ལྷིང་ལྷིང་གི་ལྡེམ་བག་དང་བརྩེ་བ། ལྷག་བསམ། རྫི་གླུ།
བརྗེད་དུ་མེད་པའི་ནོར་ལུག་གི་ནམ་མཁའ་དང་།
བསླུ་བ་མེད་པའི་དྭངས་གཙང་གི་འཇིག་རྟེན་སོགས།
མི་བཟད་རྙོག་མའི་ལྟེབས་སུ་གཏིམ་སོང་ངམ།
ཤག་ཤག་དྲག་པའི་ཆར་གྱིས་བཀྲུས་སོང་།
ཡང་ན། གནམ་དང་མཚོ་ཡི་འདྲེས་མཚམས་སུ་ཡལ་སོང་ཨང་།
ཡལ་བཞིན་པ་ནི་ཡོང་བཞིན་པའི་གདུང་འཚོབ་ཏུ་འགྲོ་དཀའ་ལ།
ཡོང་བཞིན་པའང་ཡལ་བཞིན་པའི་ས་བོན་དུ་འགྲོ་མི་སྲིད་པས།
འདས་པའི་རིན་ཐང་ཡིད་ནས་བརྗེད་མེད་གྱིས་ལ།
འབྱུང་གི་རིགས་སྟོབས་སེམས་ནས་བསྐྲུན་ཅིག་ཀྱེ།
ཅི་སྟེ་ང་ལ་ཡང་བསྐྱར་ཉམས་སུ་མྱོང་བའི་བགོ་སྐལ་ཞིག་མཆིས་ན།
འབའ་འབའ་ལུ་གུའི་འཚོ་སྟངས་ཤིག་སེམས་སུ་ཉར་ནས།
ཁྲི་གཤོག་རྒྱལ་མོའི་ཁར། ལུག་ཆུང་འཚོ་རུ་འགྲོ་སྲིད་ལ།
ཁྲི་གཤོག་རྒྱལ་མོའི་ཁར། གཞས་ཆུང་གཏོང་དུའང་འགྲོ་སྲིད།
གནམ་སྔོན་པོའི་མིག་ཡངས་ཁུར་དུ་བསྣམས་པའི་མཚོ་མོ་ཡ།
ལོ་ངོ་སྟོང་ཕྲག་གི་མིག་ཆུ་རུམ་དུ་བསྐྱིལ་བའི་རྫི་བོ་ཨ།
ཕྱི་ནང་གསང་གསུམ་གྱི་གཏམ་རྒྱུད་སེམས་ན་འཚེར་བའི་ཨ་ཅེ་ཡ།
དེ་དག་གཞི་གཅིག་ཏུ་གྱུར་བའི་བདག་ཉིད་ཅིག་གདའ་ན།
ངས་ཁྱོད་ཀྱི་སྙན་ངག་དང་འདྲ་བའི་མི་ཚེའི་ཡོད་ཚད།
མཐོན་པོའི་རྫ་དང་ཡངས་མོའི་ཐང་། ཆུ་མོའི་གཞུང་བརྒྱུད་དེ།
མ་ལུས་མ་ཆད་མ་བསྐྱུར་བར་སྙན་མོའི་ངག་གིས་བསྔགས་འདོད་ཅིང་།
ཁྱོད་ཀྱི་མངའ་ཐང་དང་ཚེ་སྲོག བདེ་སྐྱིད་དང་ཞི་བདེའི་རྒྱང་གླུ་དེ།
ཁྲི་གཤོག་རྒྱལ་མོའི་ཁར། ལུག་ཆུང་འཚོ་རུ་འགྲོ་ཞེས་པའི་དབྱངས་རྟར་དྲངས་ཏེ།
ཇི་སྲིད་བར་དུ་ལྷང་ལྷང་དང་ལྷུག་ལྷུག་གིས་ལེན་པར་སུ་ཡིས་བསྙོན།
སྤྱི་ལོ༢༠༡༢ལོའི་ཟླ༣ཚེས༡༧ཉིན་ལ་ལྷ་མཁར་ཚེ་རིང་གིས་སྦྱར།
རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།
ལྷ་མཁར་ཚེ་རིང་གི་སྙན་ངག་བདམས་བཀོད།