ཀྲུང་གོ་བོད་ཀྱི་དྲ་བ།

སོས་ཀར་སྒུག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁ​་བ་ལྷ་མོ།   སྤེལ་དུས། : 2016-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁ་བ་ལྷ་མོ།

གཡང་མོ་ལུག་གི་ལོ་སར་ཡང                                            

འདས་སོང་གི་སྟག་ཡོས་འབྲུག་སྦྲུལ་བཞིན

གསར་བ་གསར་རྐྱང་གིས་སླེབས་བྱུང

 

ཚེས་གཅིག་ལ་གཡང་མོ་ལུག་གི་རང་གཤིས་ལས་འཇམ་པའི་ཉི་མ་ཤར་བྱུང

ཚེས་གཉིས་ལ་གཡང་མོ་ལུག་གི་བལ་ཁ་ལས་དཀར་པའི་ཁ་བ་ཡང་མོ་ཞིག་བབས་བྱུང

ཚེས་གསུམ་ལ་ཐག་ཉེ་རིང་གི་མགྲོན་པོའི་ཚོགས

གཡང་མོ་ལུག་ཁྱུ་ལྷས་ལ་འཁོར་འཁོར་གྱིས་ལོ་སར་ལ་ཕེབས་བྱུང

རྟེན་འབྲེལ་གྱི་ཁ་བཏགས་ཁ་བ་བཞིན་བབས་ཤིང

ཨ་སྔོན་དགུང་ནས་ཁ་བ་ཡང་ཁ་བཏགས་བཞིན་ཉིལ

 

ཚེས་གསུམ་ལ

རི་ཆུའི་མཚམས་ཀྱི་སྐད་ཆ་ལ་སྐེད་ནས་དཀག་ཅིང

སྤྲིན་པས་འཐེན་པའི་ཟམ་གདོང་རླུང་ཁ་ནས་རལ

 

ཚེས་གསུམ་ནས་སེམས་ཚེགས་དང་སེམས་ཚེགས་ཁོ་ན་ལས

ཚོར་འདུ་གང་ཡང་སྟེར་མ་ཐུབ་པའི་ཁ་བས

འབྲོག་པའི་སྒོ་ཟོག་མང་དག་ཅིག་གཏའ་མར་ཁྱེར་ནས

རྒྱང་རིང་རྒྱང་རིང་གི་སོས་ཀ་ཁྲིད་ཡོང་ཟེར

 

བདག་གི་སེམས་པ་ལྟ་བུའི

སེམས་པ་རལ་བོ་དག་གིས

ཉི་ཤར་དང་ཉི་ནུབ་མང་མང་ཞིག

མིག་ཆུས་དེད་ཅིང་རྔུལ་ཆུས་ཕུད

སོས་ཀ་རུ་འབོད་པའི་ལྷན་པ་ཧྲལ་ཧྲུལ་ཞིག་ལ་སྒུག་ཅིང་སྒུག

2015.3.5ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།