ཀྲུང་གོ་བོད་ཀྱི་དྲ་བ།

ལྡོང་ལུག་རྫིའི་སྙན་ངག་བདམས་བཀོད།

ཡོང་ཁུངས། : གངས་རྒྱན་མེ་ཏོག     སྤེལ་དུས། : 2016-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

10000_副本.jpg

      བན་ཤུལ་གདུགས་དཀར་རྒྱལ། སྨྱུག་མིང་ལ་ལྡོང་ལུག་རྫི། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། 2008ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཞིང་ད་སྔ་མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀར་འཇུ་ཞོར《མང་ཆུ》དང《སློབ་གསོ་ལྟ་སྐུལ》ལོ་དེབ་ཀྱི་གདན་ཞུས་རྩོམ་སྒྲིག་པའི་འགན་ཡང་ཁུར་ཡོད།  གཞན《གངས་རྒྱན་མེ་ཏོག》དང《གངས་རྒྱན་ན་ཆུང་ཚགས་པར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ཁྲི་ཤོར་རྒྱལ་མོ》《ཁྲིམས་ལུགས་ཚགས་པར》《མཚོ་སྔོན་ཉིན་རེར་ཚགས་པར》བཅས་སུ་སྙན་ངག་སོགས་འགའ་རེ་བཀོད་མྱོང་།   2010ལོར《སློབ་ཆུང་སྐད་ཡིག་གི་རྩ་གནད་ཤོག་དྲིལ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང《གླུ་དང་ཕེ》ཞེས་པའི་སྙན་དེབ་ཅིག་མི་འགྱངས་པར་ཀློག་པོ་དག་གི་སྤྱན་སྔར་ཐོན་ལ་ཉེའོ། 


ཡིད་ལ་འཁོར་ཕྱོགས་ཤིག་གིས།

          ལྡོང་ལུག་རྫི།


དར་མཚོ་ནས་ཐོན་ཏེ་ཆབ་ཆར་འཛོམས་པའི

དུས་དེ་ནས་བཟུང

ནོར་འཁྲུལ་གྱི་འགོ་བརྩམས་པ་ལོས་ཤེས་མོད

གློ་ཉེ་བའི་ཁྱེད་ཀྱི་ཁག་ཅིག་ང་ལ་སྦྱར་བྱུང་བས

གུ་ཡངས་ཀྱི་རྙི་ལས་ཐར་ཐབས་མ་བྱུང་བ

དེ་རིང་གི་སྙན་ངག་འདི་ཡིན


རྒྱ་བཟའི་བག་ངུ་ཕྲ་མོས

སྐྲ་བདག་གི་རྟ་ཁ་གློད་སོང་བའི་ཉག་ལམ་དེ་ནས

ཁྱེད་ཀྱིས་སྤྱན་ཆབ་ལྷུག་ལྷུག་ཏུ་ཟགས་པས

རི་བོ་ཉི་ཟླ་བརླན་སོང་བ

དེ་རིང་གི་གླེང་གཞི་འདི་ཡིན


ཉིན་ཞག་གི་མཚོ་ལམ་གཅོད་དུས

ཞེ་སྨྲེང་བས་སྣ་གླུ་རེ་ཤོར་བ་ཡང

པུ་ཧ་ཆུ་བོས་ཁུར་ནས

མཚོ་སྔོན་པོའི་རླབས་ལ་འདྲེས་པ

དེ་རིང་གི་དངན་པ་འདི་ཡིན


བྲལ་ཁ་མ་ཕྱིར་མིག་ཤོར་སའི

གསེར་དངུལ་ཐང་དཀྱིལ་ནས

སྒྲོལ་མས་རྟ་གོང་ནས་རྟ་ལྕག་གནམ་ལ་ཕྱར་ཐེངས་དེས

རྒྱང་རིང་གི་ཡུལ་གྲུ་འཁྲུངས་པ་དེ

ཁྱེད་ཀྱིས་ཕྱག་གཡས་ཐོད་ལ་བཞག་ནས

ངའི་དྲན་གདུང་གི་སྙན་ངག་འཁྲུངས་ཚུལ་དང་

ཇི་འདྲའི་མཚུངས་ཨང་་་་་་་་

2015ལོའི་ཟླ9བའི་ཚེས12དགོང་མོར།

          ཁྲི་ཤོར་རྒྱལ་མོའི་སྟེང་བཀོད།


དོ་ནུབ་ཀྱི་ཁ་བ་དེ།

ལྡོང་ལུག་རྫི།


སྨག་ཆད་ནས་ཅུང་མ་འགོར་བར

ཡང་ན   འབྲོག་པས་ནུབ་ཚ་འཐུང་ཚར་བའི་མཚམས་དེར

གོ་བཞུགས་ལ་ཡོང་བའི་ཁྱིམ་མཚེས་ཚང་གི

འ་ཅེ་དེས་དྲུད་འོང་བ་འདྲ་བའི་ཁ་བ་དེ

འཇམ་ལྷོད་ལྷོད་ངང   སེམས་ཆུང་སྒོས

རམ་དཀྲོལ་མེད་པའི་འགྱུར་ཁུགས་ཤིག

སྦྲའི་ཁ་ཚུབ་ལས་སག་སག་སག་ངང

གོ་མཐར་འདུས་པའི

ངེད་ཅག་གི་རིགས་རྒྱུད་འདིའི་ཧབ་ཆར་འཐུམ་སོང


སྤྱིར་ཁ་བ་ནི་སྡུག་རྩུབ་ཀྱིས་བཅར་འོངས་དུས

རླུང་བུ་ནི་སྙིང་སྟོབས་ཀྱིས་ལྡིང་བ་དེ

ས་གཞིར་རྩུབ་རེག་གི་བྲོ་བ་མྱངས་སུ་བཅུག་པའི་གོ་དོན་གཞན་ཞིག་གོ


འོན་ཏེ   དོ་ནུབ་ཀྱི་ཁ་བ་འབབ་སྟངས་འདི

རེབ་འདིར་ངས་སྨྱུག་རྩེར་ལྷུང་བའི་ཁ་བའི་མདངས་དང་ཁྱོན་ནས་མཚུངས་ཏེ

སེམས་གཅོང་གང་ཞིག་གི་དོད་དུ

འབབ་རྒྱུན་མུ་ནས་མཆིས་པའི་ཕུགས་འབབ་ཏུ་གྱུར་སོང་བ

དཔྱིད་འགོ་མ་ཚེས་པའི་རྟེན་འབྲེལ་ལོ


འབབ་སྟངས་འདིའི་ཐོང་འོགས་སུ

དམར་ལྷེམ་ལྷེམ་དུ་མངོན་ཆུང་གིས་འབར་བའི་ཐབ་མེ་དེ

གོ་མཐར་ལྷུང་བའི་སྐད་ཆ་བསོ་མོ་དེ

སེམས་ཅན་གང་གི་སྨོན་པ་རི་མོར་བྲིས་པའི

ཡིག་ནོར་ཐང་མར་བརྡལ་བའི་ཐང་ཡིག་ཏུ་འཁུམ་མོད

དེ་ནི་སེམས་པ་མེ་རུ་འབར་བའི་ཁ་དོག་ཞིག་ཅིས་ནས་ཡིན


འདི་ནས་ཕྱི་རོལ་ལ་བསྲིངས་པའི་སེམས་པ་དེ

དམར་རྗེན་ཡིན་མོད

དོ་ནུབ་ཀྱི་ཁ་བ་འདིས་ཕྱིད་མི་སྲིད་ལ

ཉིན་མཚན་དུ་དབྱེ་བའི་སྨག་རིམ་ཆེན་པོ་དེའང

ངོ་བོ་དབྱེར་མེད་དུ་བསྲེས་ནས

འགྱུ་སྟངས་གཞན་ཞིག་གི་སྨོན་པར་སྤྲོས་བ

སྤྱན་ཟུང་རིང་མོའི་སྨིན་མཚམས་ནས་གྱེས་ཏེ

དོ་ནུབ་ཀྱི་ཁ་བ་འདིའི་སང་ཉིན་གྱི་མཆོད་པར་བསྔོའོ།           

2016ལོའི་ཟླ3ཚེས26དགོང་མོར།    

ཁྲིམས་ལུགས་ཚགས་པར་སྟེང་བཀོད།


སྟོན་ལོ།

ལྡོང་ལུག་རྫི།


དེ་སྔོན་ནེམ་ཤ་ལེར་འབུས་པ་གང

ད་ནི་ཉི་ནུབ་ཀྱི་སྔ་གཞུག་བརྩད་ནས

རྨི་ལམ་གྱི་བར་གླགས་ནས

རྣམ་ཤེས་དག་ཕངས་མེད་ངང་ས་རུ་སྙིལ་བཞིན་འདུག

རུམ་ཁ་ཇི་ལྟར་སུམ་རུང

བ་མོ་ཁ་ཤས་བཙན་གྱིས་སྔས་མགོར་ལྷུང་དུས

ཚོད་ཚོད་ལ་མིག་ཆུ་རྡོག་གཅིག

མངོན་ཆུང་གིས་བདག་གི་མཁུར་མགོར་གྲིལ་བྱུང


ད་ལོའི་སྟོན་མཇུག་གི་ལོ་མ་ལྷུང་ཚུལ་འདིར

མྱ་ངན་གྱི་སྐྱོ་ཤས་འཁོར་དོན

ངའི་མགོ་ཐོག་གི་ཉི་མ་སེར་བོ་ཞིག

ལ་མགོའི་མཚམས་སུ་འཕྲོས་སྟེ

ལ་རྟིང་གི་གྲིབ་མར་ཁེན་ནས

དལ་གྱིས་ཚེ་ལོ་མཐར་རྫོགས་ཏེ་སྤྱན་ཟུང་བཙུམ་པའི

་བདག་གི་ཡབ་ཆེན་བཞུད་དུས་ཀྱི་དུས་ཚོད་འདི་ཡིན


ད་ནངས་སྟོན་རླུང་གིས་ཤིག་ཤིག་བསྒུལ་བའི

སྟོན་ལོས་བསྐྱུར་བའི་ལྗོན་ཤིང་དག་ནི

དུས་ཚོད་འདིའི་ཡར་སྔོན་དུ

ཁེར་ཧྲེང་གི་ད་ཕྲུག་མ་ཡིན་པར

རང་སེམས་ཀྱི་སྡོང་ལོ་ཆེ་ཆེར་རྒྱས་ནས

བྱ་བྱེའུ་འབའ་འབུའི་སྣང་བ་སྐྱིད་ལ་བསྐུར་སའི

སེམས་ལྗོངས་ཀྱི་དག་ཞིང་ཡིན་པ

རང་སོ་སོའི་སེམས་ན་ཁྲིགས་སེར་གདའ


ལང་ཚོར་ར་ལག་རྒྱས་མྱོང་བའི་དུས་ཚིགས་དེ

ད་ལོ་གཡུག་སྔ་བའི་ཙག་རླུང་གིས་གཙེས་ནས

བསམ་གཞིག་གི་གློ་མཆིན་འབྲེག་དུས

ངས་ད་རུང་ཕ་ལགས་ཀྱིས་འདོན་མཚམས་བཞག་པའི

སྨན་བླའི་མཚོན་པའི་ཁ་ཏོན་དེའི་མཇུག་བསྐྱང་དགོས


གཅེར་བུར་བུད་པའི་ཡལ་ག་དག་ལྕུག་ལྕུག་འདར་དུས

ངས་ལག་ཟུང་ཡང་སུག་སུག་འདར་ནས

སྙན་ངག་འདི་འབྲི་ཐབས་མ་བྱུང

མཚོ་སྔོན་ཉིན་རེར་ཚགས་པར་སྟེང་བཀོད།


བྲལ་ཁ་མར།

ལྡོང་ལུག་རྫི།


ཁྲག་རྩའི་སྦུབས་སུ་འཚང་ཀིན་པའི་ནད་ཡམས་དེ

ཤ་གསེང་རུས་གསེང་དུ་འཐིམ་པའི་དྲན་པ་རེད

མིག་ཆུས་ཁུར་བའི་སེམས་གཅོང་ཞིག

ཁྱེད་ཀྱི་འོ་མ་ལྟ་བུའི་འདང་ཀྱིས་ཁུར་ནས

ཁབ་སྐུད་ཀྱི་སྣེ་མོར་དཔྱངས་ཚར་འདུག


ཐག་རིང་ནན་ཅིན་ལ་སྐྱེལ་མས་བཏབ་པའི་ངའི་སེམས་ཀྱི་སྒེའུ་ཁུང་ནས

སྤྱི་སྤྱོད་རླངས་འཁོར་དེ་ཤེད་ཀྱིས་བཙུམ་པའི་མིག་མཐའ་ནས་ཆས

ཁྱེད་ཀྱི་ཤ་མཆིན་པར་ལྷོག་ལྷོག་གདུ་བའི་འཁྲེང་སེམས་དེ

སྙན་ངག་འདིས་རྟོགས་བཟོ་བྱེད་མི་ཐུབ་པར་རབ་རིབ་དུ་སྣང་བའི

རོལ་དབྱངས་སྐྱུར་མོ་ཞིག་གི་སེམས་གསོ་རེད


ཁྱེད་གཅིག་པུ་འཇིག་རྟེན་འདིའི་སྲུབས་ཀར་ཀེམ་པར་གཡོ་བའི

ང་ཁོ་ནར་ཅེར་བའི་ནམ་མཁའི་སྐར་མ་མཛོ་འདོགས་དེ་ཡིན

རླངས་འཁོར་ང་དང་རིང་སར་གྱེས་ནས་མི་མངོན་ས་དེར

ལམ་འགྲམ་དུ་བསྐྱུར་བའི་རབ་རྒན་སྡེ་གསར   སུམ་མདོའི་སྲང་ལམ   མང་རའི་བྱེ་སྣ   བན་ཤུལ་རུ་སྡེ

ད་རུང་སྙིང་ཉེ་བའི་བྱིས་པ   གློ་ཉེ་བའི་བདག

རེ་རེར་མགྲིན་པར་བཏེགས་ནས་མདོ་རྩེར་ལ་མོར་བརྒྱབ་སོང


དམ་དུ་འཁྱུད་པའི་སེམས་པ་འདིར་གཤོག་པ་ཐོགས་ནས

དྲན་གདུང་གི་བྲག་ལ་བརྡབ་པས་གཤོག་ཡ་རྨས་ཟིན

ད་ནས་ངས་དུས་མཚམས་ཞིག་ལ

རང་གི་སེམས་གཅོང་གི་བང་སོ་ནམ་མཁར་བཏབ

འཇའ་ཚོན་མེད་པའི་ཆར་ཤུལ་དེ་དག

ཁ་སང་གི་དྲན་པས་གཟིར་བའི་མིག་ཆུ་དེའི་སྐྱེ་བ་སྔ་ཕྱིའོ


ཡུན་རིང་ལ་བྲལ་མ་མྱོང་བའི་གྲིབ་གཟུགས་གཉིས

ཡུན་རིང་ལ་བསམ་མ་མྱོང་བའི་དེ་རིང་གི་གྱེས་བྲལ

ཁ་ཤའི་འགྲམ་དུ་འབར་བའི་དུ་བ་རྐང་གཅིག་གི་རྣམ་ཤེས་ལ་བསྲེས་ནས

བགྲོད་ལམ་ཡངས་བའི་གསོལ་བ

ལམ་དཀར་པོའི་སྨོན་འདུན

ཁྱེད་ཀྱི་ལམ་སྣེ་ནན་ཅིན་ལ་བསྲིངས་ཚར་སོང      

གངས་རྒྱན་མེ་ཏོག་སྟེང་བཀོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།