ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་ཀྱི་ཁ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​ཁུ་བྱུག་སྔོན་མོ།   སྤེལ་དུས། : 2016-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁུ་བྱུག་སྔོན་མོ། (རྨ་ལྷོ)

 

ནམ་ཟླ་དབྱར་གྱི་དུས་ལ་ཉེ་ཡང་ད་ནངས་ཁ་བ་བབས་འདི་ཅི།།

ཁ་བའི་ཁྲོད་ཀྱི་ཞབས་རྗེས་འདི་ཀོ་སུ་ཡིས་བྲིས་པའི་སྙན་ངག་ཡིན།།

ཞོགས་པའི་རྟོག་འཆར་རི་ལ་ཡན་དུས་གློ་བུར་ཚངས་དབྱངས་རྒྱ་མཚོ་དྲན།།

སྲོད་ལ་བྱམས་པ་བཙལ་བས་ལན་ཏེ་ཁ་བ་བབས་ཚད་མཐུག་ལ་ལྟོས།།

 

ཁ་བའི་ཡུལ་ལྗོངས་མེ་ལོང་ཞིག་སྟེ་ཚོར་བའི་བརྙན་རིས་ཅི་ཡང་གསལ།།

ཁ་བའི་མི་དང་རི་མོ་སྣ་ཚོགས་བྱིས་པའི་སྒྱུ་རྩལ་ཡིད་དུ་འོང་།།

སྙིང་ཆུང་ཆ་གཉིས་ལྷན་དུ་སྦྲེལ་བ་མདའ་ཡིས་གཅིག་ཏུ་བརྒྱུས་པའི་རིས།།

ཁ་བའི་སྟེང་དུ་སུ་ཡིས་བྲིས་མིན་ང་ལ་མ་འདྲི་གསང་བ་ཡིན།།

 

ཁ་བ་དཀར་པོ་བསེར་མ་རླུང་གིས་ཕར་དང་ཕར་ལ་འཁུར་བཞིན་འགྲོ།།

ཐོ་རངས་དུས་ཀྱི་ཞབས་རྗེས་དེ་ནི་གང་དུ་འཐེན་པ་མཐོང་མ་གྱུར།།

ཁ་བ་ཉི་མས་ཞུ་བའི་ཆུ་རྡུལ་སུ་ཡི་མིག་ཆུའི་ཆབ་རྒྱུན་ཏེ།།

ཁོ་བོའི་སེམས་ཀྱི་འབྲོག་ཐང་སྐྱ་བོ་ཡང་ཡང་བརླན་ཅིང་གཤེར་ནས་འོང་།།

 

ཉི་མའི་འཛུམ་ཟེར་ལམ་ལམ་འཕྲོས་ཀྱང་སེམས་ཀྱི་ཁ་བ་ཞུ་མ་སོང་།།

རྩྭ་ལྗང་ཚོགས་ཀྱིས་བཀྲག་མདངས་མངོན་ཡང་རེ་བའི་རྨི་ལམ་རབ་རིབ་ཉིད།།

དཔྱིད་ཀ་འདི་ནི་ང་ལ་མཚོན་ན་སྟོང་ཞིང་འཇགས་པའི་སྟོན་མཇུག་སྟེ།།

ལོ་མ་སེར་བོའི་ལས་དབང་སྡུག་པོ་རུལ་མྱགས་སྙིགས་རོའི་ཁུད་དུ་ལྷུང་།།

   2015.4.18ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།