ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཅེ་འབྲོག་མོ། ​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་ཐར་སྐྱིད།

བྱམས་བརྩེ་དྲོད་མོ་ཉི་འོད་ལས་འཇམ་པའི་ཨ་ཅེ་འབྲོག་མོ།།

སེམས་པ་དཀར་པོ་གངས་རི་ལས་དཀར་བའི་ཨ་ཅེ་འབྲོག་མོ།།

སྐྱེས་གཟུགས་དྲང་མོ་མེ་ཏོག་ལས་ཡག་པའི་ཨ་ཅེ་འབྲོག་མོ།།

རང་གཤིས་འཇམ་པོ་ལྷ་མོ་ལས་ལྷག་པའི་ཨ་ཅེ་འབྲོག་མོ།།

 

རྒན་པ་བཀུར་བསྟི་མིག་འབྲས་བཞིན་བརྩི་བའི་ཨ་ཅེ་འབྲོག་མོ།།

གཞོན་པ་བྱམས་སྐྱོང་དུང་སེམས་ཀྱིས་ཁེངས་པའི་ཨ་ཅེ་འབྲོག་མོ།།

རྒན་གཞོན་རིས་མེད་ལྷ་མོ་དང་འདྲ་བའི་ཨ་ཅེ་འབྲོག་མོ།།

ཡ་རབས་ཀུན་སྤྱོད་མཛེས་སྡུག་གིས་བརྒྱན་པའི་ཨ་ཅེ་འབྲོག་མོ།།

 

ནངས་དགོང་བཞོ་དབྱངས་ཁུ་བྱུག་ལ་འགྲན་པའི་ཨ་ཅེ་འབྲོག་མོ།།

རྟ་ནོར་འཚོ་སྐྱོང་འབད་འབུངས་ལ་འཐམས་པའི་ཨ་ཅེ་འབྲོག་མོ།།

སྦྲ་ནག་སྨུག་པོའི་གཏམ་རྒྱུད་ལ་འཁེན་པའི་ཨ་ཅེ་འབྲོག་མོ།།

གནའ་བོའི་མེས་པོའི་སྲོལ་རྒྱུན་ལ་འཆང་བའི་ཨ་ཅེ་འབྲོག་མོ།།

 

དབང་མེད་སྐྱོ་བས་གནས་ཡུལ་དེ་འགྲིམ་པའི་ཨ་ཅེ་འབྲོག་མོ།།

ལང་ཚོའི་མེ་ཏོག་རྫ་ཁ་ནས་ཟད་པའི་ཨ་ཅེ་འབྲོག་མོ།།

ཡིད་ཀྱི་བརྩེ་བ་རུམ་ཀོང་ནས་རྒས་པའི་ཨ་ཅེ་འབྲོག་མོ།།

བདེན་པའི་གནས་ལུགས་ངག་སྒྲོས་སུ་འཁྱིལ་བའི་ཨ་ཅེ་འབྲོག་མོ།།

 

གཞན་ཕན་ལྷག་བསམ་དོན་དངོས་སུ་བགྲངས་པའི་ཨ་ཅེ་འབྲོག་མོ།།

རང་ཕམ་མི་ཞུམ་སྙིང་སྟོབས་ལ་འཁུ་བའི་ཨ་ཅེ་འབྲོག་མོ །།

མདོར་ན་སུ་ཡིན་འདྲ་མཉམ་དུ་བཀུར་བའི་ཨ་ཅེ་འབྲོག་མོ།།

དྲན་པའི་གཞས་ཆུང་མིག་ཆུ་ལ་འཐིམས་པའི་ཨ་ཅེ་འབྲོག་མོ།།

 

ལ་ཁའི་སྨུག་པ་འཕྱོར་ལྭ་རུ་བརྫུས་པའི་ཨ་ཅེ་འབྲོག་མོ།།

གངས་རི་དཀར་བོ་སྔས་མགོ་རུ་བཀུར་བའི་ཨ་ཅེ་འབྲོག་མོ།།

རྫ་ཆུ་སྔོན་མོ་སེམས་ཁོང་དུ་བསྙལ་བའི་ཨ་ཅེ་འབྲོག་མོ།།

མོ་སྒོ་ཡག་པ་བསམ་ཡུལ་ལས་འདས་པའི་ཨ་ཅེ་འབྲོག་མོ།།

 

གྲོགས་པོའི་འཕྲིན་ཆུང་སྙིང་ཁོང་ལ་སྦ་བའི་ཨ་ཅེ་འབྲོག་མོ།།

བྱུ་དམར་སྐེ་རྒྱན་བྲང་ངོས་སུ་དཔྱངས་པའི་ཨ་ཅེ་འབྲོག་མོ།།

དྲན་པའི་ལོ་ཟླ་མཛུབ་བར་ནས་རྫོགས་པའི་ཨ་ཅེ་འབྲོག་མོ།།

མ་བཅོས་སེམས་གཏམ་སྦྲ་འདབས་ནས་བརྗོད་པའི་ཨ་ཅེ་འབྲོག་མོ།།

 

ཕ་མས་ཅི་གསུངས་དང་ལེན་རང་བྱེད་པའི་ཨ་ཅེ་འབྲོག་མོ།།

མཛའ་བོས་གང་བཅོལ་བསླུ་མེད་དུ་བསགས་པའི་ཨ་ཅེ་འབྲོག་མོ།།

རུ་སྡེ་ཁྲ་མོ་རང་ཡུལ་བཞིན་བཀུར་བའི་ཨ་ཅེ་འབྲོག་མོ།།

གང་སོང་ས་ནས་འཛུམ་མདངས་ལ་འཁྲེང་བའི་ཨ་ཅེ་འབྲོག་མོ།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།