སེམས་པ་སྙི་མོ།

མདུད་གྲོལ།


ཐ་སྙད་མེ་ལ་བསྲེག་པའི་མཚན་གཞུང་དེར།།

སྐར་མའི་རྟ་ཁྱུ་འདེད་པའི་དྲིལ་ཆུང་དེས།།

མུན་པའི་ཡོལ་བ་རྡོ་བའི་གམ་དུ་སྤུར།།

ལོ་མའི་དུད་དྲག་ཤོག་ལྷེ་ངོས་སུ་ཕབས།།

སྣང་སྟོང་རི་མོ་ཚོར་བའི་ཁམས་སུ་བཀྲམ།།

ཚོན་རྩི་བྲག་ལ་བྱུག་ནས་ཚུར་ཚུར་འོང་།།

རྨི་ལམ་དམར་པོའི་ལྗོན་པའི་མགུལ་དུ་དཔྱངས།།

རྩིག་ངོར་བབས་པའི་ཚོན་སྐུད་རི་མོ་དག།

མེ་ལྕེ་བསྒྲོན་ནས་གངས་ཀྱི་རི་གྲོང་ཉུལ།།

གོམ་སྟབས་སྙི་མོ་གཤོག་པའི་གཟུགས་སུ་བྲིས།།

མིག་གི་ཟིལ་བ་དབྱངས་ཀྱི་སྐུད་པར་བརྒྱུས།།

ཚོར་བའི་མུ་ཏིག་ལོ་མའི་བྲང་ཁར་འཐོར།།

རུས་པའི་གསང་བ་སེམས་ཀྱི་གླིང་བུར་བསྟིམས།།

བྲག་ཆའི་རོལ་དབྱངས་འཇག་མའི་རྡོག་སྣེར་བསྐུས།།


༢༠༡༦.༡.༡༥ཉིན།      

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།