ཚོར་གཤིས་ལྗང་གུ

མདུད་གྲོལ།

རོལ་དབྱངས་ཀྱི་པང་ཁུག་ནས་འཐོར་ཞིང

གྲིབ་མའི་མིག་སྣེར་ཐོགས་པའི་འོད་ཐིགས་སེར་པོ

མེ་ལྕེར་བསྒྲོན་པའི་དར་ལྕོག་བཞིན

མུན་པའི་ལོ་མ་ནག་པོ་བྲང་ཁར་དཔྱངས་དུས

རྡོ་བའི་ཚོགས་ཀྱིས་རྟོག་བཏགས་ཀྱི་ལྷ་སྒྲུང་དག

ཉི་འོད་དང་ལྷན་དུ་རྨི་ལམ་གྱི་གཤོག་པར་ཕབས

རླུང་བུས་བདས་པའི་མཚན་ལམ་རིང་མོ་དེ་ནི

ཧ་ཅང་མཐུག་དྲག་པས

ངའི་ཡོད་ཚད་ལ་སྔངས་འདར་སློང་ཞིང

ངའི་གྲིབ་གཟུགས་ལ་འཁྱག་པའི་མེ་སྟག་བྲན

ཡིན་ནའང  

 ངས་ཡང་བསྐྱར་དྲོད་ཁོལ་གྱི་རྨི་ལམ་ཞིག་གི

སྣེ་ལ་འཇུས་ནས་རྟོག་བཟོའི་རོལ་ཆ་དག

སྲིད་པའི་རི་སྒང་དེ་ནས

འཚམས་སྤྲིན་གྱི་མེ་རུ་བསྒྲོན་རྩིས་ཡོད

ཞོགས་ཁའི་བྱ་ཁྱུ་རི་ལ་ཞོགས་རྗེས

སླར་ཡང་ངས་སྦྲ་འདབས་ཀྱི་ཟིལ་བ་དག

བསང་དུད་ཀྱི་ཁ་དོག་ལ་བརྒྱུས་ནས

མཁའ་མཐའི་སྐར་འོད་དེ་ལ་འབུལ་ན་འདོད

ད་ནི་ངའི་ཡོད་ཚད་ལ་གསོན་ཤུགས་རྒྱས་དགོས

ང་འདི་ལྟར་སད་དགོས 

 མུན་པའི་གཡང་ཟར་ལས་སད་དགོས

རྟོག་སྒྲུང་གི་ར་བ་ལས་སད་དགོས

སྐྱ་རེངས་དང་ལྷན་དུ   ཉི་འོད་དང་ལྷན་དུ 

དགོད་སྒྲ་དང་ལྷན་དུ   རོལ་དབྱངས་དང་ལྷན་དུ

2016.1.30ཉིན།  

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།