ལོ་མར་དཔྱངས་བའི་གྲིབ་གཟུགས།

མདུད་གྲོལ།

680696710960426464.jpg

རྨི་ལམ་བསྒྲོན་པའི་མེ་ལྕེ་དམར་པོ་ཡིས།།

ལོ་མའི་ཕོན་པོ་ལམ་གྱི་འགྲམ་དུ་འཐོར།།

སྒྱུ་མའི་རྟ་ཁྱུ་འདེད་པའི་གྲིབ་གཟུགས་དེས།།

སྣང་བའི་འཕྲེད་ཐིག་མུན་པའི་སོ་ཁར་ཁྲིད།།


བྲག་ཐེམ་སྙེག་པའི་བྱ་ཁྱུའི་ཚོམས་ཤིག་གིས།།

ཚོར་བའི་ཕྱིར་མིག་ནུབ་ཁའི་སྤྲིན་པར་བརྒྱུས།།

དམར་འོད་འཚེར་བའི་རྡུལ་གྱི་རི་མོ་དག།

ཉག་གའི་རླུང་བུས་གཙང་བོའི་གམ་དུ་སྤུར།།


མཚོ་གྲུ་སྐྱོམ་པའི་རླབས་ཀྱི་ཤག་སྒྲ་ཡིས།

བས་མཐའི་སྡོང་ལོ་དེ་ཡང་མཁའ་རུ་འཕུར།།

བྱེ་མས་བྲིས་པའི་ཚོན་སྐུད་དམར་པོ་དག།

འཇག་མའི་གོམ་སྟབས་བར་ནས་མེ་རི་འབར།།


ཉི་གྲིབ་རི་ལ་འགོས་པའི་མིག་བརྡ་དེས།།

སྐར་མའི་འོད་ཁྱིམ་གཙང་བོའི་སྒལ་གཞུང་ཕབས།།

ཆར་གྱིས་བརླན་པའི་སྨུག་པའི་རྡོག་སྒྲ་དག།

དུ་བའི་ཟོལ་གྱིས་སླར་ཡང་སྨུག་པར་ཐིམས།།


2015.11.11དགོང་མོར།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།