ལས་ཀྱི་ལང་ཚོ།

བོད་ཕྲུག་དོན་གྲུབ། (ཁྱུང་མཆུ།)




ལས་ཀྱི་རླུང་གིས་དེད་པའི་རྣམ་ཤེས་ཤིག།

ལོ་དང་ཟླ་བ་བསྐོར་ནས་ངེས་མེད་འདུར།།

སྟབས་ཀ་ཨེན་ཙམ་འགྲིག་པའི་དུས་དེ་ལ།།

གངས་ཀྱི་རི་འདབས་ཤིག་ནས་ལང་ཚོ་འཐོར།།


འབའ་འབའ་ལུག་ཆུང་རྩེད་སའི་བས་མཐའ་རུ།།

དུང་བའི་མཛེས་པ་ཁུར་བའི་མི་མོ་དེས།།

ལག་སྟོང་མཆན་ལ་ཐོགས་པའི་ཁྱེ་འུ་ཞིག། 

བརྩེ་བའི་དྲོད་དང་འཇམ་པོའི་གོས་ཀྱིས་བརྒྱན།།


དུད་ཚང་སྟབས་བདེ་ཞིག་གི་གོ་འགྲམ་དུ།། 

ཉི་ཟླའི་ག་འུ་ཁུར་བའི་བགྲེས་པོ་དེས།།

དབྱར་གསུམ་སྤང་ནས་ཚེས་པའི་མི་དེ་ལ།།

མི་རབས་གོང་མ་ཞིག་གི་དབྱངས་ཡིག་བསླབས།།


ཡ་གིའི་གཙང་ཆུ་བཞུར་བའི་ཕ་རོལ་ན།།

བརྩེ་བའི་རྨུ་ཐག་སྦྲེལ་བའི་སྙིང་ཆུང་དེས།།

སེམས་རྟེན་དོད་དུ་གཡུ་ཡི་སྙན་ཚིག་བཏེགས།།

ལོ་གསུམ་རྩེད་རྡོ་སྒྲིག་གི་ཆ་ཡ་ཡིན།།


ཕར་གའི་ཉག་ག་དེད་ནས་རི་ལ་སོང་།།

ལས་ཀྱི་ལམ་ལ་སྨོན་པའི་གཞས་ཤིག་བཏབ།།

གྱ་གྱུའི་ལམ་འཕྲང་རིང་མོ་རྡོག་པས་མནན།།

སེམས་ཀྱི་རི་མོ་ལུང་པའི་མཐིལ་ལ་བྲིས།།


ཡིད་ཀྱི་ཁམས་སུ་བདེན་པའི་ངག་ཅིག་ཕབ།།

སྣང་བའི་ཁུད་ལ་རེ་བའི་རྨི་ལམ་གཅུར།།

སྲིད་པའི་སྒལ་གཞུང་ལེབ་མོའི་པང་ཁུག་ནས།།

གཏམ་རྒྱུད་སྐྱུར་བོ་ཞིག་གི་མགོ་རྐང་བཀླགས།།

2016 / 2 / 22 ཉིན།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།