མི་ཚེ། ཡང་ན་འཁོར་བ།

མགོ་ལོག་སྨྱུག་དཀར།

ལས་ཀྱི་མྱ་ངན་ཐང་གི་སྐྱོ་གླུ
ཞེན་ཆགས་རྒྱུ་མའི་གྲོང་གི་སྣང་བརྙན
འདུས་ན་བྲལ་བར་ངེས་པའི་རྟེན་འབྱུང་གི་ཆོས་ཉིད
(སྐབས་རེར་ཚེ་གཅིག་ལ་ཉིན་གཅིག་གི་སྣང་བ་འཆར་ལ)
(ཡང་སྐབས་རེར་ཉིན་གཅིག་ཀྱང་ཚེ་གཅིག་གི་སྣང་བ་འཆར་སྲིད)
འདི་ལྟར་བསམ་ན
བདེ་སྡུག་གིས་གྲུབ་པའི་ཞིང་ཁམས་འདི་ནི་ཆེས་འགྱུར་སླ་བ་དེའོ

རྨི་ལམ་དང་ཁ་མ་བྲལ་ཞིང
འཚོ་བ་ལ་རྫོགས་ཚིག་མ་བྲིས་པས
ཆེས་ཁོད་ཡངས་དང་བྲལ་ཞིང
མི་ཚེ་ལ་སེང་རས་གཡོགས་པའི་གནས་འདི་རུ
བདག་ནི་ཞེན་ཆགས་ལ་གཤོག་པ་མེད་པའི་དཀོན་མཆོག་རྫུན་མ་ཞིག

སྒྱུ་མའི་ཁ་ཟས་ལ་གད་སྙིགས་ཀྱི་འདུ་ཤེས་དང
འདུ་བྲལ་དང་བདེ་སྡུག་ལ་རྩེད་ཆས་ཙམ་དུ་མཐོང་ན
ད་བཟོད་གནས་འདི་ལས་བྲོ་ཐུབ་བམ
      

2016.2.17མཚན་མོར།

རྩོམ་པ་པོ་ངོ་སྤྲོད།

དངོས་མིང་ལ་མཁྱེན་རབ་རྡོ་རྗེར་ཟེར་ཞིང། པིར་མིང་ལ་མགོ་ལོག་སྨྱུག་དཀར་དུ་འབོད་བཞིན་ཡོད།ཕ་ཡུལ་མགོ་ལོག་དར་ལག་དཔོན་སྐོར་དུ་སྐྱེས་ཤིང་།ད་ལྟ་ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་ཟིན།རང་ཉིད་ཀྱི་འཚོ་བ་དང་དགའ་ཕྱོགས་ཀྱི་དབང་གིས་{སྙན་ངག}ཅེས་པའི་གཟུགས་མེད་ཀྱི་དབྱངས་རྟ་ཞིག་ལ་དགའ་ནས་ཡུན་རིང་སོང་བས་མུ་མཐུད་དུ་སྙན་ངག་བྲི་བར་བརྩོན།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།