གད་ཞོལ་གན་ནས།(སྙན་ཚོམས།)

སྨྱུག་དཀར།(མགོ་ལོག)

ཤར་ན་ཉི་མའི་འཛུམ་ཞལ་མེལ་མེལ་སྐུང་།།
མིག་ཟུང་ནང་ན་རེ་བའི་མེ་ཏོག་རྒྱས།།
ལག་ཟུང་ལྷན་དུ་སྦྱར་ནས་མགོ་བོ་དུད།།
མཆུ་སྒྲོས་གསེང་ན་བརྗོད་དཀའི་ངལ་དུབ་ཅིག།
ཁྱོད་ཀྱི་གསང་བ་ཅིག་གི་ཐ་སྙད་ལ།།
ང་ཡིས་མཆུ་སྒྲོས་དེ་ཡིས་མགུལ་རྒྱན་བྱེད།།

2016.1.22

སྙིང་ལ་ཟུག་པའི་བརྙན་ཐུང་།{ཁག་གཉིས}

ཁག་དང་པོ།
ཉི་མ་རི་ལ་ཞོགས་པའི་ནང་མོ་དེར།།

ཆུ་མོས་སྤྲིན་རིས་ཁུར་བའི་སྟབས་ཀ་དེས།།
བདག་གི་ཡིད་ཀྱི་སྐར་ཚོགས་མོག་པོར་བསྒྱུར།།

ཁག་གཉིས་པ།
སྐད་ཆ་གསར་བ་ཞིག་གི་མགོ་བོ་བཀྱགས།།
རྨི་ལམ་གསར་བ་ཞིག་གི་དྲི་བསུང་འཐུལ།།
བདག་ལ་རེ་བ་ཞིག་གི་སྨོན་འདུན་ཡོད།།
ཁྱོད་ལ་ཡིད་ཆེས་ཤིག་གི་ཁ་བཏགས་ཡོད།།

2016.1.17

དཀའ་ཚེགས་བར་གྱི་ཁོ་མོར།

ལམ་གསུམ་མདོ་ནས་ཐུག་དུས་མ་འདྲིས་ལས་ཀྱི་ཆུང་མ།།
གོམ་གསུམ་ཚད་ལ་གཞལ་དུས་དམར་བོ་ཁྲག་གི་བཞུར་རྒྱུན།།
མུན་པའི་ཚུལ་རོལ་འདི་ནས་སྙིང་ཆུང་འཕར་གི་ཆ་ཡ།།
ཡིད་ཀྱི་གཏིང་ལ་སྦས་ནས་དྲན་པའི་ལྦུ་བ་འཕྱུར་ཡོང་།།

དོ་ནུབ་ཁོ་མོ་རི་ལ་ཡིབ་པ།

ཕ་གིའི་རི་རྩེ་གན་ནས།།
སྤྲིན་པ་སློག་སློག་འཕྱུར་གྱིན།།
ཟླ་བའི་འགྲམ་ཞོལ་ཞིག་ནས།།
ང་དང་ཁོ་མོ་གཉིས་ལ།།
གཏམ་དེའི་ལྷག་མ་ཐོབ་འོང་།།
འདི་ནས་བསམ་གྱིན་བསམ་གྱིན།།
གང་ནས་གང་ལ་བུད་འགྲོ།།

2016.1.4

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།