རང་ལ་གནང་བའི་སྙན་ངག

ཁྲབ་རྙིང་།(རྨ་ཆུ།)

སྒྲོམ་ཅོག་སྟེང་གི་ཇ་ཕོར་བ་གང་དང་དཔེ་དེབ

གཡུ་སྒྲོན་འཚོའི་ཁྱུར་མིད་གཏོང་ཐུབ་པའི་མིག་ཆུ

མལ་ཁྲིའི་སྒང་ལ་ལྷུང་བའི་ཚེ་སྲོག་གི་གྲངས་ཀ

ལག་པ་དང་བྲང་གཞུང་ནས་ཡང་ཡང་བསྒུལ་པས

སྒྱུ་མའི་གར་ལ་རྩེན་པའི་འོད་ཀྱི་གཤོག་པར་བྲིས


ཕྱི་རོལ་དུ་ཙག་རླུང་གིས་མི་སེམས་དཀྲིག་པ

སྦལ་ཆུང་གྲོག་ཚང་ལས་ཉལ་བའི་ཟློས་གར

སེང་རས་སྲབ་མོ་གྱོན་པའི་འབུ་ཕྱེ་མ་ལེབ

སེམས་པའི་སྐྱོ་གླུ་ལེན་པའི་སྒྲ་སྒམ་ཆག་རོ

རླུང་གི་ཁ་ནང་གི་མཆེ་བ་དང་ང་ཡི་ཁ་མཆུ

རུས་པའི་རྐང་ལ་ཟུག་པའི་རྡུལ་གྱི་མེ་ལྕེ་དེའོ


ཁྱོད་ཀྱི་མིག་དང་ཐོས་པའི་སྒྲ

སེམས་པ་འདི་དུམ་བུ་བརྒྱ་རུ་བགོས

རྡོ་བ་དེ་རྐང་ཆུང་ལ་དལ་མོར་རེག

ཡང་ཞིང་ཡང་བའི་ཉི་ཐིག་ཏེ་བཅོམ་པར་གནས 

ས་བོན་ལས་འཕེལ་གྲིབ་བྱུང་བའི་ནས་འབྲུ

མི་དང་ཚེ་སྲོག་ཡོད་དོ་ཅོག་ལ་གསོན་ཤུགས་སྦྱིན


སྙིང་ཉེ་བའི་ང་ཡི་སྙན་ངག

ཚེར་མའི་རས་ལྭ་གྱོན་པའི་བུ་མོ་གཅེར་བུ

བསེ་རུའི་བ་སྤུ་གཟེངས་བའི་ཚི་ཁུའི་བྲོ་བ

ཤྭ་བ་ཡུ་མོ་འདུར་རྒོད་རྒྱུག་པའི་ནགས་ཚལ་དེའོ།

༢༠༡༦-༡--༢༨ཉིན་བླ་བྲང་ནས་སྦྱར།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།