​བཏང་སྙོམས།

རེ་སྒུག (མཛོད་དགེ)

ཀ་དག་གངས་རི་དཀར་བོའི་མུ་ཁྱུད་ལ།།
ཁ་སེམས་གཅིག་པ་རིམ་གྱིས་འོ་ཆུ་བཞིན།།
ག་ཙམ་མ་འགོར་བོད་པའི་རིག་གཞུང་རྣམས།།
ང་ཚོས་སྦྱངས་ན་འོས་འགན་མ་ཡིན་ནམ།།

ཅ་ཅོ་འདྲེ་སྐད་དོན་མེད་བྲག་ཅ་དེ།།
ཆ་རྒྱུས་ཡོད་མེད་ཀུན་ལ་མྱུར་སྤངས་ནས།།
ཇ་ལན་ཆུ་འཇལ་ཞེས་བའི་དཔེ་བསམ་ན།།
ཉ་མོ་ཆུ་ལ་དུང་དུང་རང་ཉིད་ཆོས།།

ཏ་ཀུ་ལག་རྟེན་བཟུང་བའི་རང་ཉིད་སོམས།།
ཐ་མར་རང་ཉིད་འགྱོད་ཀྱང་སྡུག་གྱོང་རེད།།
ད་ཆ་འདུན་མའི་བསམ་མནོ་མ་ཡོད་ན།།
ན་ཁའི་སྤང་ལྗོངས་གན་ནས་ངལ་ཞིག་གསོས།།

པ་ཏྲའི་མཛེས་ཆ་རང་ལ་ལེགས་པར་སྒྲིགས།།
ཕ་ནོར་ཕ་ཆོས་འཛིན་མའི་ནོར་ཡང་ཡིན།།
བ་སྐུད་ལྟ་བུའི་སེམས་རྒྱ་མ་གཅད་ན།།
མ་མ་སྡུག་ལ་སྦྱར་བའི་ནག་ཉེས་འགྱུར།།

ཙ་ནའི་རྩ་བ་དཔྱོད་ན་རང་ཉིད་འཚོལ།།
ཚ་ཁུ་འཐུང་གི་འཐུང་གི་ཇེ་སྐོམ་ཡིན།།
ཛ་རྟགས་ཕྱིས་ན་ཇ་ལ་འགྱུར་ངེས་ཡིན།།
ཝ་ཞྭ་བསྐོན་ན་ཝ་སྲོག་ཤོར་ངེས་རེད།

ཞ་བོ་རང་ལ་འགྱོ་སྟངས་ཡོད་ངེས་ཀྱང་།།
ཟ་ཉལ་རོལ་བའི་ནུབ་ཁའི་གྲིབ་གཟུགས་ལྟར།།
འ་འུར་དགོད་སྒྲ་ངོ་མ་མ་ཡིན་ན།།
ཡ་གཅིག་རྐང་བའི་སྟེང་ནས་ཇི་ལྟར་འགྲོ།།

ར་བ་གངས་ཀྱིས་བསྐོར་བའི་ལྗོངས་ཡངས་ལ།།
ལ་ཉག་ཐེངས་གཅིག་འགྲིམས་པའི་མྱོང་བ་དེ།།
ཤ་གསེང་གཏིང་གི་ཟུག་གཟེར་མ་ཡིན་ཡང་།།
ས་ལ་བསམ་ན་མི་ལ་འདང་ཞིག་རྒྱོབ།།

ཧ་གཉིད་སད་པ་ལྟ་བུའི་གློ་བུར་ལ།།
ཧ་གོའི་བློ་རིག་སྒམ་པོ་མ་ཡིན་ཡང་།།
ཨ་ཀོར་རྣ་ལ་མཛེས་བའི་འཕྱོན་མ་དེར།།
ཨ་ཁའི་འུད་གཏམ་མང་ན་མེ་སྟག་བཞིན།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།