འཁོར་བའི་དབྱིབས་རིས་འདི་ཡང་གྲོལ་བོར་ཤོག

ལྷ་ཡིག(མཚོ་ལྷོ།)

འཁོར་བའི་གྲོང་འདི་སྲིན་གླིང་རྒྱ་མཚོ།།

སེམས་ཅན་ཉོན་མོངས་འཆང་ཐག་འདྲུད་པ།།

རྣམ་སྨིན་ལས་ཀྱིས་སྔུན་དུ་ཁྲིད་དེ།།

སྡུག་གི་དོང་ལ་ཡང་ཡང་ལྕེབས་པ།།

རྐང་ཐང་ཚོགས་འདི་འཁོར་བའི་གྲོང་ནས།།

རྣམ་རྟོག་དབེན་པའི་རི་ལ་ཞེན་ལོག།

ཉོན་མོངས་ཉ་བའི་ལྕགས་ཀྱུའི་རྩེ་ལ།།

ཁ་ཤ་འགེབས་ཤིང་འབྱར་བ་ཨ་ཙི།།

ལུས་ཀྱི་ཕྱི་ཤུན་གོས་ཀྱིས་འགེབས་ཡང་།།

འདོད་ཆགས་མངོན་མཚན་གཅེར་བུར་འབུད་པ།།

ངོ་ཚ་ཕུང་བོའི་སྟེང་ནས་བཙལ་ཏེ།།

དྲན་ཤེས་རྟོག་པའི་བར་ནས་འབོར་བ།།

སེམས་ཀྱི་ཀློང་ལ་སྲིན་དུག་འབྱམས་ཏེ།།

དུས་གསུམ་དུག་གི་སྲོག་དབང་མཐུད་པ།།

འཁོར་བའི་གྲོང་ནས་སྡུག་བསྔལ་མྱངས་ཡང་།།

སླར་ཡང་མྱོང་བའི་ལས་ཀ་བྱེད་པ།།

འཛོམས་པའི་གྲོགས་ལ་རྟག་པའི་ཤེས་བཞག།

བག་མེད་སྤྱོད་པའི་རླུང་བུ་ལྡང་བ།།

ན་ཆུང་ལུས་ལ་གཤིན་ཐག་འཇུ་བ།།

མི་སྲིད་དཔེ་ཡིས་ཕྱོགས་གཅིག་གཡུག་པ།།

འཛིན་མ་གཡོ་བའི་ཞིག་རིལ་ཡོད་ན།།

ན་ཆུང་གཅིག་པུར་རྟག་དོན་ཅི་ཡིན།།

འབྲལ་བའི་རྐྱེན་ངན་རླུང་གིས་བསྒུལ་ན།།

འུ་ཅག་མི་འཁུར་ངེས་པ་ཅི་ཡོད།།

འཁོར་བའི་གདོང་འབག་ཟོལ་གྱིས་བཟོས་པའི།།

རེ་རེར་ཕྲ་མོའི་བདེ་བ་འཛིན་པས།།

ཤི་འཐམ་རོ་འཐམ་ཆགས་པས་གཟིར་ཡང་།།

ཤ་ཐང་ཟད་པའི་རྒྱུ་ལས་གཞན་ཅི།།

རྒྱ་མཚོའི་རླབས་ཀྱི་ཟེགས་མ་འཕྱོ་བ།།

དོན་མེད་སྐད་ཅིག་འགྲེལ་བཤད་ལོངས་ན།།

དུག་གི་ཁ་རླངས་ཁྲག་རྩར་རྒྱུ་བའི།།

ཕུང་བོ་འདི་ལ་ཅིའི་ཕྱིར་མི་འགྲེལ།།

འཛུམ་པའི་པདྨོར་སྣ་གླུ་འགུག་བཞིན།།

ཟེའུ་ལེན་པའི་སྦྲང་ཆུང་སྣང་སྐྱིད།།

སྤྲིན་གྱིས་སུམ་པའི་པད་མའི་སྒམ་དཀྱིལ།།

ཐར་བ་མ་བྱུང་འགྱུར་བ་མིན་ནམ།།

མི་རྟག་གཤིས་ཀྱི་ངོ་བོ་ངོར་སྤྲོད།།

དཔེ་རུ་དྲངས་ན་མང་དུ་མགུ་ཡང་།།

འཚོ་བའི་བར་ནས་ཉམས་མྱོང་མང་བས།།

ཞིབ་ཏུ་བལྟས་ན་མངོན་སུམ་འདུག་གོ།

ཆགས་པ་འདི་ནི་འཆི་བའི་དུས་ཡང་།།

བཟུང་བར་ལྟོས་ན་འདི་ཡི་རོ་ལ།།

བག་ཆགས་མཐུག་པོའི་ལས་རླུང་ཞིག་གིས།།

སྐྱེ་བའི་འཕྲེང་བར་ཕྲེང་ཐག་བྱེད་པ།།

དགྲ་བཅོམ་དགའ་བའི་རྣམ་ཐར་བཀླགས་ན།།

དབེན་་རིར་བྱིན་ནས་ཆུང་མར་ཆགས་ནས།།

སྟོན་པར་ཡིབ་ཏེ་བྲོས་ཚུལ་མཐོང་ན།།

ཆགས་པའི་རྒོད་བག་ཆེ་ཡང་སྙམ་གི།

ལྷ་གནས་དམྱལ་ཁམས་དངོས་སུ་བསྟན་པས།།

ངེས་འབྱུང་ཟླ་བ་རྟག་ཏུ་ཤར་ནས།།

རྐྱེན་དང་ཐབས་ཀྱི་ཆིག་ཐུབ་སྨན་གྱིས།།

ཉོན་མོངས་དོང་ཁུང་གསལ་ཚུལ་མཐོང་ན།།

འབུར་འཇོམས་ནུས་པར་ཡི་རང་འཁྲུངས་འོང་།།

བྱང་ཆུབ་སྤྱོད་འཇུག་ལེའུ་བརྒྱད་པའི།།

མི་སྡུག་བརྟགས་པའི་ནང་དོན་བཀླགས་ན།།

ཡིད་ཙམ་སྙིང་ལ་སྐྱུགས་བྲི་ལྡང་ཡང་།།

འོན་ཀྱང་རྟག་པར་བཏང་སྙོམས་ལུས་འགྲོ།

ཆགས་པའི་རླུང་བུ་ཡང་ཞིང་གཡོ་བ།།

བསིལ་འཇམ་རེག་བྱའི་ངང་ལ་བཞག་ནས།།

ཡང་དང་བསྐྱར་ཏུ་གོམས་པར་བྱས་པས།།

གཡང་གཟར་ལྟ་བུའི་འཇིགས་སྣང་མེད་པ།།

ཆགས་པའི་ལུས་ལ་ཅི་ནར་འབྱར་བས།།

ཕྱེ་ལེབ་མེ་ལ་ལྕེབས་ཡང་སྲིད་པ།།

ཆགས་པའི་བྱང་ཐང་སྐྱ་མོ་འདི་ན།།

མུ་ཏོའི་ཚོགས་རྣམས་ཇི་འདྲའི་མཐུན་པ།།

ཆགས་པའི་ལས་ཀྱིས་སྡང་བ་བསྐྱེད་ལ།།

ཆུང་འཐུང་གླང་བོས་སྤྱོད་པ་མཛད་པས།།

ནོར་འཁྲུལ་གས་ཁའི་བར་གསེང་དག་ནས།།

འཕག་འཚག་ང་རོའི་སེན་འདྲད་བྱེད་པ།།

ཆགས་པ་ཆོམ་པོའི་བྱེད་པོ་དེར་བས།།

ཆགས་ལྡན་རིགས་དྲུག་སྒྱུ་མའི་བསླུས་བཞག།

དེས་ན་དྲི་བྲལ་རྣལ་འབྱོར་བ་སྟེ།།

ཆགས་བྲལ་རྣམ་པར་ཐར་བའི་སྐྱེས་བུ།།

ཉི་ཁྲིའི་མཛེས་མས་མ་བསླུས་ཐར་བ།།

གཡོ་བྱེད་བདུད་མོའི་སྤྱོད་པ་མཁྱེན་པ།།

ལྟ་སྒོམ་ཟུང་འཇུག་རྣལ་འབྱོར་ཐུབ་པས།།

བྱིན་རླབས་གྲུ་ཆར་སྙིང་ལ་ཞུགས་ཏེ།།

ཉི་མ་ནུབ་འཕོ་སྐད་ཅིག་བར་ནས།།

བྱ་རྒོད་རྒྱ་ལས་ཐར་བ་ཇི་བཞིན།།

ཆགས་པས་ཉེས་པའི་དྲི་མ་བྲལ་ཞོག།

སྡང་བ་དེ་ཡང་ལྟས་ངན་ཤིག་སྟེ།།

སེམས་ཀྱི་གཤོག་པའི་སྤུ་རུ་ཐོགས་ཡོད།།

སྤུ་ལོང་རྐྱེན་གྱིས་འཕྲལ་གྱིས་བསྒུལ་ན།།

སེམས་ཀྱི་གཤོག་པར་ཟ་མཁྲེགས་སློང་ཡོང་།།

སེམས་ཀྱི་གཤོག་པ་ཇི་ལྟར་འགྱུར་ན།།

ཕྱི་ཚུལ་ལུས་ཀྱིས་འཁྲབ་རོགས་བྱེད་པས།།

གང་ཡིན་སྤྱོད་པའི་ངན་ལྟ་འཆོར་འགྲོ།

དགྲ་ལ་སྡང་བའི་སྟ་རེ་རྒོད་ཅིང་།།

རྨ་དང་སྲོག་གི་ཉེས་ཁ་སྟེར་བ།།

གཤེད་མའི་རང་ཚུགས་སྡང་བས་སྟེར་ཞིང་།།

ངན་ཆ་གོམས་པའི་དཔའ་མིང་འདོགས་པ།།

སྟེང་ཕྱོགས་དཔུང་ལ་འཛིན་ཡ་མེད་ཀྱང་།།

དམའ་ཕྱོགས་ཀླུ་ལ་འཐབ་ཡ་མེད་ཡང་།།

ཕུ་ནུ་མིང་སྲིང་ཁ་ཁར་འབྱེད་པ།།

འཐབ་པའི་ངར་ཤུགས་འདི་ལས་བསྐྱེད་འོང་།།

ཕན་ཁེ་ཕོག་གི་གླ་ཆ་མི་རྙེད།།

མི་ཕན་འགྲོ་སོང་སྒོ་སྟོང་འཕུད་པའི།།

ཞེ་སྡང་བུ་ཡི་ང་རྒྱལ་དེ་ཡི།།

སྲོག་གི་རྒྱུན་ཐག་ཆད་རྒྱུ་མེད་པ།།

ལྷས་སྦྱིན་ཚོགས་ཀྱིས་མཚོན་ཆའི་འཁྲུལ་འཁོར།།

སྟོན་ལ་བཏབ་པའི་ལོ་རྒྱུས་ཐོས་ན།།

ཞེ་སྡང་རལ་བའི་ཚི་དྲག་སྟུག་པོ།།

དག་རྒྱུ་མེད་་པའི་བློ་ཡང་སྐྱེ་གི།།

བྱམས་ཆེན་སྙོམས་པའི་ངང་ལ་ཞུགས་ཏེ།།

དུག་གི་ལན་ལ་འོ་མ་མཆོད་པའི།།

བརྩེ་ཆེན་འདབ་མ་ལྷུག་པར་བརྐྱོངས་པ།།

ཐོས་ཤིང་དྲན་བཞིན་དད་པ་འཁྱིལ་ཡོང་།།

དེ་བས་སྡང་བ་ལམ་འཁྱེར་བྱེད་མཁས།།

ཐུབ་པའི་དབང་པོ་ཐམས་ཅད་མཁྱེན་དེས།།

གྲུབ་པ་ཇི་བཞིན་ཡིད་ལ་སྨིན་ནས།།

སྡང་བའི་མནའ་མ་རང་སར་ཕྱིན་དེ།།

སེམས་ཀྱི་བུ་ཆུང་རབ་ཏུ་བྱུང་ནས།།

སེམས་བསྐྱེད་ལོ་མས་ཕྱི་ནང་ཁེབས་ཤིང་།།

སྙིང་རྗེའི་བླ་གོས་མཐར་ཐུག་བར་ཏུ།།

བསྟེན་ལ་ཉེས་པའི་སྐྱོན་ཀུན་བྲལ་ཤོག།

གླེང་ན་རྒྱ་མཚོ་སྐམ་ཡང་མི་ཟད།།

བྲིས་ན་སྡོང་བོའི་ཕྱི་ཤུན་ཚར་ཉེན།།

ཉོམ་མོངས་རྩ་ཆུ་འཛོམས་པའི་ཡུལ་ནས།།

ལུས་ཅན་དུག་གི་ཕོ་བ་རྒྱས་པ།།

ཆགས་པ་འདི་འང་གཏི་མུག་དབང་གིས།།

སྡང་བ་འདི་འང་གཏི་མུག་དབང་གིས།།

ཉོན་མོངས་ཟངས་ཁའི་སྲོག་ལྡན་དག་ཀྱང་།།

གཏི་མུག་མངལ་གྱི་འོག་སྒོར་འཚང་བ།།

ཉོན་མོངས་དྲ་བའི་ཡོ་ལངས་བར་ནས།།

ཐེངས་གཅིག་སྙིང་གི་གཏམ་ཅིག་གླེང་བ།།

སེམས་ཀྱི་ཁ་རླངས་ངོ་མ་ཡིན་ཡང་།།

སྙིགས་མའི་རང་གཤིས་ཉེས་པའི་ཁ་ལག།

བརྗེད་ངེས་མཐུག་པོའི་རོལ་བ་མང་ཞིང་།།

དབེན་པའི་རི་ལ་ལྟ་སྐོར་མང་བ།།

གློག་གི་དྲ་བའི་མཛའ་གྲོགས་བསྟེན་པ།།

ངན་གཤིས་ཕོ་མོ་གཅེར་བུར་འབུད་པའི།།

སྲིད་པའི་ཁམས་ཀྱི་གྲུ་ཁ་འདི་ན།།

རྣལ་འབྱོར་ཞེན་ལོག་ཞིང་ལ་གཤེགས་ཚར།།

ལྟ་སྤྱོད་ངན་པའི་ཨ་རག་འཐུང་བའི།།

སུ་ལ་ངེས་འབྱུང་སྐད་ཅིག་ཡོད་ནའང་།།

མང་པོའི་ཤུགས་ཀྱིས་ཉུང་བ་བཀླུབས་ནས།།

ངན་ལས་ངན་གོམས་གནས་སུ་ལྟུང་ན།།

བདེ་བར་ཕྱག་གིས་འཇོག་པ་མེད་ཡང་།།

ངེས་འབྱུང་པ་ལ་བྱིན་རླབས་མ་གཡེལ།། 

ལྟ་བར་མི་དད་སྲིན་ལག་མེད་ཀྱང་།།

ཉེས་པའི་ངོ་གདོང་སྲེད་པས་བཟུང་བས།།

འཁོར་བའི་ངོས་ན་རྒྱུ་བའི་ཚོགས་དག།

ཉམས་ཉེས་རྦ་རླབས་ཆེ་ས་ཞིག་ནས།།

སྐྲག་སྣང་སྲིན་པོ་མང་ས་ཞིག་ནས།།

དེང་མས་དེང་མ་ཞིག་ནས་འཁོར་བའི།།

རྗེས་མ་རྗེས་མར་འཁྲུལ་ནས་འཁོར་བའི།།

སེམས་ཅན་སུ་ཞིག་བདེ་བ་གང་དེར།།

པད་མོ་དྲི་བྲལ་སྐྱེས་རབ་ཅིག་ཏུ།།

འཁོར་བའི་དབྱིབས་རིས་འདི་ཡང་གྲོལ་ཤོག།

ཞེས་ལྷ་ཡིག་གམ་སྟོན་ལོ་སེར་པོ་ནས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།