ས་སྲོད་ཀྱི་སེམས་འགྱུ།

ཐང•བསིལ་རླུང་།


དུས་ཚིགས་དགུན་ཁར་ཐོན་པ་དང་།།

གྲང་ལྷགས་འཇབ་རྒོལ་བཙན་པ་ལས།།

ང་ཡི་རྣམ་ཤེས་འཁྱམས་པོ་འདི།།

ཁྱེད་ཀྱི་ཕྱོགས་སུ་ཤོར་ནས་སོང་།།


གྲང་རླུང་འུར་འུར་ལྡང་བ་དང་།།

རྩི་ཤིང་ལོ་མའི་ཁོང་འདར་ལས།།

ལོ་མའི་གསེང་གི་བརྩེ་བ་དག།

སྙིང་གི་རུམ་དུ་སླར་ཡང་བཅུག།


ཐེངས་རེར་སྡུག་པའི་མིག་ཆུ་དང་།།

ལན་རེར་དགའ་བའི་དགོད་སྒྲ་དག།

ཉིན་མཚན་བར་ནས་བསྒོམས་པ་ན།།

རེ་བའི་མེ་ཏོག་དྲན་པར་རུམ།།


མེ་ཏོག་དམར་པོའི་གཟུགས་བརྙན་ལ།།

རྣམ་ཤེས་མཁའ་དབྱིངས་ཕྱོགས་སུ་དྲངས།།

ཚོར་བའི་སྣེ་ནས་འཇིགས་ཉེན་པའི།།

གྲོང་ཁྱེར་ཀློང་ན་ཞེན་ཆགས་ཆེ།།


ས་སྲོད་འཛུམ་པའི་ཐོལ་བྱུང་དང་།།

ཚོར་བའི་ཁ་མདོག་དམར་པོ་ཡིས།།

ཚིག་གི་མདུད་པ་དགུ་མདུད་འདི།།

སྲོད་ཁའི་མེ་ཏོག་དམར་པོར་མདུད།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།