དབེན་གནས་ཟླ་གམ་ལུང་པ།

ཐུབ་གཞོན་ནས།

s.jpg


རྗེ་བླ་མའི་མཛད་འཕྲིན་གླིང་ལ་ཁྱབ།།

ཆོས་མདོ་སྔགས་བསྟན་པ་ཕྱོགས་བཅུར་རྒྱས།།

རྗེ་སློབ་མའི་དམ་ཚིག་གཙང་ས་བོ།།

དགོན་ཆེན་པོ་དགེ་ལྡན་བཀྲ་ཤིས་འཁྱིལ།།


ཆོས་འདུལ་བའི་བསླབ་ཁྲིམས་མིག་ལྟར་གཅེས།།

སྔོན་མཁས་པའི་གླེགས་བམ་རི་ལྟར་བརྩིགས།།

གནས་མཆོག་གྱུར་བྱིན་རླབས་ཆེ་ས་བོ།།

དགོན་ཆེན་པོ་ཟླ་གམ་ལུང་བ་རེད།།


ནང་དགེ་འདུན་མཐུན་པའི་དཔལ་སྟེར་ཞིང་།།

འབངས་ལྷ་སྡེའི་མི་ཆོས་གཙུག་ཏུ་བཀུར།།

ཆེ་འདི་ཕྱིའི་སྐྱབས་འཇུག་ཞུ་ས་བོ།།

དགོན་ཆེན་པོ་དགེ་ལྡན་བཀྲ་ཤིས་འཁྱིལ།།


ལུང་རིགས་པའི་སྐད་ཀྱིས་གནམ་ས་སྒུལ།།

ཆོས་འཆད་རྩོད་རྩོམ་པའི་རི་ཀླུང་འགེམ།།

ཡུལ་བསོད་ནམས་བསགས་པའི་གནས་གཅིག་པུ།།

དགོན་ཆེན་པོ་སྟག་ཚང་ལྷ་མོ་རེད།།


སྐུ་དམར་གདུང་འཛམ་གླིང་རྒྱན་གཅིག་པུ།།

གནས་བྱིན་ཅན་གླིང་བཞིའི་མགྲོན་པོ་འགུག།

ས་དགེ་བཅུའི་ཁོ་ལག་རྫོགས་ས་བོ།།

དགོན་ཆེན་པོ་ཟླ་གམ་ལུང་བ་རེད།།


ཆུ་དྭངས་མོ་འབྲུག་དཀར་གཙང་བོ་འབབ།།

སྟག་ངར་མའི་མཆེ་སྡེར་བྲག་ལ་ཕབ།།

མ་མཁའ་འགྲོའི་ཚོགས་ཀྱི་སྐོར་ས་བོ།།

དགོན་ཆེན་པོ་དགེ་ལྡན་བཀྲ་ཤིས་འཁྱིལ།།


བོད་ཁ་བའི་བདེ་སྡུག་ཕྲག་ཏུ་བླངས།།

ཁམས་འདི་ཡི་སྐྱིད་སྡུག་བདག་གིར་བཞེས།།

རྗེ་བླ་མའི་ལུང་གིས་ཟིན་ས་བོ།།

གནས་མཆོག་གྱུར་ཀིརྟི་དགོན་ཆེན་རེད།།


                                        ༢༠༡༦/༡/༦ཉིན།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།