རྗེ་རིན་པོ་ཆེ་རྗེས་སུ་དྲན་པའི་གདུང་འབོད་རྐང་གླིང་སྐད་བརྡ་ཕྲ་མོ།

ཟླ་གང་ནས། ( པེ་ཅིན། )

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
-----------------------------------------------------------------
༄༅།།  ཨོཾ་བདེ་ལེགས་སུ་གྱུར་ཅིག
རབ་བྱུང་བཅུ་དྲུག་མེ་བྱ་ལོ་ཡི་ཆོ་འཕྲུལ་ཟླ་བའི་དུས།།
ཡབ་ཆེན་ད་ར་ཁ་ཆེ་གླུ་འབུ་ཡུམ་ཆེན་ཤིང་བཟའ་ཨ་ཆེ་ཡི།།
སྲས་སུ་བལྟམས་སོ་སྐུ་ཡི་ཉི་མའི་འོད་ཟེར་ཕྱོཊ་ཀུན་འཕྲོས།།
ཨེ་མ་ས་ལ་རྡུལ་དག་མདོ་སྨད་ཙོང་ཁར་ལྟེ་ཁྲག་གཏོར།།
ཨེ་མ་མཁའ་ལ་སྤྲིན་ཡལ་ཉི་ཟླ་གཉིས་ཀྱིས་འོད་གུར་ཕུབ།།

སྐུ་ཚེ་ཆུང་བའི་དུས་ནས་རིག་པའི་གནས་ལ་ཧུར་གྱིས་འབད།།
དྲིན་ཆེན་བླ་མ་རྣམས་སུ་མང་ཐོས་སྒྲུབ་པ་ཉམས་ལེན་མཛད།།
བློ་རིག་གློག་ལྟར་བཀྲ་བས་བློ་བཟང་གཞལ་མེད་ཁང་ཆེན་མཚར།།
ཐུགས་རྒྱུད་དྲི་མ་བྲལ་བས་འཁོར་བའི་རྡུལ་གྱིས་མ་བསླུས་སོ།།
གངས་ཅན་མགོན་དུ་བྱོན་པའི་ཉི་མ་ཁྱོད་ལ་སྐྱབས་སུ་མཆི།།

ལྟེ་ཁྲག་ས་ལ་ཟགས་སོང་ས་ལ་དཔག་མེད་སྡོང་བོ་འཁྲུངས།།
སྡོང་ལ་ལོ་མ་འབུམ་སྐྱེས་ལོ་ངོས་རེ་རེར་སྐུ་གཟུགས་འཚེར།།
ཀུན་གྱི་དང་ཡིད་འཕྲོག་སོང་སྐུ་འབུམ་བྱམས་པ་གླིང་དུ་གྲགས།།
རིག་པའི་གནས་ཆེན་ཕ་མཐར་གླག་རྒོད་བཞིན་དུ་འཕུར་བའི་ཚེ།།
ཨེ་མ་ངོ་མཚར་ཆེ་སོང་བསིལ་ལྡན་ལྗོངས་ཀྱི་རླབས་པོ་ཆེ།།

ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོས་གདུལ་བྱའི་ས་བོན་བཀྲུས།།
དགའ་སྡན་སྒྲུབ་མཆོད་ཆེན་མོས་བོད་ཡུལ་ཞིང་ལ་བསྟན་པ་སྤེལ།།
གཉལ་གྱི་ལུང་ར་ཆེན་མོས་ཉོན་མོངས་དུག་གི་རླངས་པ་ཕྱིས།།
རྫིང་ཕྱིའི་བྱམས་པ་ཞིག་གསོ་དང་ནི་དགེ་བའི་མཛད་པ་ཡིས།།
མི་རྟག་འཁོར་བའི་ཞིང་ལ་ཆོས་ཀྱི་བྱམས་སེམས་ཆར་དུ་བསྙལ།།

འགྲོ་དོན་རྒྱ་ཆེར་མཛད་ཕྱིར་བརྩེ་བའི་ཡུམ་ལ་རིང་དུ་གྱེས།།
ཡུམ་ཆེན་དྲན་པས་མནར་ཏེ་རྒས་པའི་དབུ་སྐྲ་འཕྲིན་དུ་བསྐུར།།
ཡིན་ཡང་སྐུ་ཡི་ཉི་མ་སྐུ་འབུམ་ཕྱོགས་ལ་མ་བྱོན་པར།།
འཕྲིན་ལས་རིན་ཆེན་ནོར་བུ་འགྲོ་དྲུག་ཁྱོན་ལ་སྐྱེས་སུ་ཕུལ།།
མཆོད་དོ་མ་རིག་མུན་འཇོམས་རྗེ་ཡི་ཞབས་ལ་གུས་པར་འདུད།།

གངས་ལ་ཉི་རྩེ་བརྒྱབས་སོང་སྣང་ཡུལ་མ་ལུས་དྲོད་ཀྱིས་ཁེངས།།
དྲོད་ལ་མེ་ཏོག་བཞད་སོང་དུས་ཀྱི་ཆར་བས་ས་ཆེན་བཀྲུས།།
བྱང་ཆུབ་ལམ་རིམ་ལ་སོགས་གསུང་གི་བདུད་རྩི་འབབ་དུས་ན།།
ལྷ་སའི་གདན་སའི་ཕྱོགས་ན་ཁྱོད་འདྲའི་སྐྱེས་བུ་ག་ཚོད་གདའ།།
འཛམ་གླིག་གོ་ལའི་ཁྱོན་ན་ཁྱོད་ལྟའི་མཁས་ཆེན་ཅི་ཙམ་ཡོད།།

ཀྱི་ཧུད་མི་རྟག་སྒྱུ་མའི་རླུང་དམར་ལྡིང་བའི་མི་ཡུལ་འདིར།།
ཞལ་གཟིཊ་གདུལ་བྱར་སྟོན་གྱིན་ག་ལེར་གཤེཊ་པ་སྨྲེང་བའི་གཞི།།
མཛད་འཕྲིན་བོད་དུ་སྤེལ་གྱིན་གངས་ལ་ཞབས་རྗེས་རི་མོ་བཞག།
རི་མོ་ཆོས་ལ་གསལ་ཡོད་འགྲོ་དྲུག་དང་བ་འདྲེན་པའི་དཔྱིད།།
སྲིད་པའི་རྒྱན་གྱི་རྩེ་མོ་ཡབ་རྗེ་བློ་བཟང་གྲགས་པ་མཆོག།

ཁྱོད་ནི་འཁྲུངས་མ་ཐག་ནས་སྤྲུལ་མིང་འཛིན་པའི་བླ་སྤྲུལ་མིན།།
ཁྱོད་ནི་ཆོས་གོས་ཙམ་ཞིག་རྒྱབ་ཏུ་གྱོན་པའི་སེར་སྐྱ་མིན།།
ཁྱོད་ནི་གཟིག་ལྤཊ་གྱོན་འདྲའི་མཁས་མིང་ཅན་གྱི་མི་རྫུན་མིན།།
ཁྱོད་ནི་ས་བཅུའི་དབྱིངས་སུ་འོད་དུ་འཚེར་བའི་སྒྲོན་མེ་འོ།།
ཁྱོད་ནི་འགྲོ་དྲུག་ཀུན་གྱི་བདེ་སྡུག་གླེང་བའི་སྐྱབས་པོ་ཉིད།།

ཁྱོད་ཉིད་བྱོན་པས་བོད་ཡུལ་བསྟན་པ་ཡར་ངོའི་ཟླ་ལྟར་གྱུར།།
ཁྱོད་ཉིད་བྱོན་པས་བསོད་ནམས་ཞིང་དུ་ལོ་ལེགས་རབ་ཏུ་རྒྱས།།
ཁྱོད་ཉིད་བྱོན་པས་ཆོས་ཀྱི་དར་ཆ་སྲིད་གསུམ་དགུང་དུ་བསྐྱོད།།
ཁྱོད་ཉིད་བྱོན་པས་ཚོཊ་གཉིས་སྐར་ཆེན་འདི་ཕྱིའི་མཁའ་ན་བཀྲ།།
ཁྱོད་ཉིད་བྱོན་པས་ས་སྟེང་སྐྱེ་བོར་སྒྲོལ་མའི་གསོལ་འདེབས་ཡོད།།

གསོལ་ལོ་མཆོད་དོ་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
དམིཊ་མེད་ཀུན་ལ་མ་ལྟར་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིཊ།།
དྲི་མེད་ཤེས་བྱ་མ་ལུས་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
སྐུ་ཡི་ཁྲི་གདུགས་ཉི་མ་ནུབ་ཏུ་བྱོན་པའི་རྗེས་ཤུལ་དུ།།
སྐལ་བའི་རི་རྩེ་ཁྲི་ལ་མྱ་ངན་སྨུག་བུན་ལང་ལོང་འཁྲིགས།།

ལ་ལུང་གས་ཆག་ཤོར་ཞིང་ཟླ་བའི་སྣ་ལ་མུན་པ་འཐིབས།།
ཁྱི་སྤྱང་དཔུང་རྡིང་སྦྲེལ་ཞིང་ང་རོ་ཐན་ཐུན་ཕྱོགས་སུ་བསྒྲགས།།
དམ་ཆོས་གླེཊ་བམ་གཏོར་ཞིང་ཤོབ་ཀྱི་ཕུང་བོས་ཞྭ་ནག་བསྐོན།།
བདེན་པའི་བྲག་རི་ཉིལ་ཞིང་རྫུན་གྱི་ས་རྡུལ་དྲག་ཏུ་འཐིབས།།
དུས་ངན་སྙིགས་མའི་རླུང་ཁར་ཡབ་རྗེ་ཁྱོད་རང་ལྷག་ཏུ་དྲན།།

དྲན་ནོ་གསུང་གི་ཆབ་རྒྱུན་འབབ་པའི་ཡབ་རྗེ་ཆེན་མོ་མཆོག།
ཁྱེད་ཉིད་ཕེབས་ཤུལ་ཡུལ་ལ་ད་ནི་མེ་ཏོག་དྲི་བཟང་དཀོན།།
བླ་མིང་སྤྲུལ་མིང་དག་གི་གཡོ་བསླུས་འབངས་ཀྱི་ཤ་ཁྲག་གཞིབས།།
དཔོན་མིང་མཁས་རྫུན་མང་པོས་སོ་སོས་སྙིཊ་རོའི་ལབ་ནི་རྩོམ།།
བོད་ཡུལ་དམ་ཆོས་ལོ་འདབ་དུས་ངན་སད་ཀྱིས་རེ་རེར་བཅོམས།།

ཁ་ན་མ་ཎི་མེད་པའི་གྲྭ་བཙུན་དབྱར་གྱི་མཚོ་ལྟར་འཕྱུར།།
ཡིད་ན་དགེ་བ་མེད་པའི་ཤན་པས་ཁེ་ཚོང་སྡིག་ལ་འབད།།
བློ་ན་ཤེས་བྱ་མེད་པའི་བླུན་པོ་ཕག་གི་རྗེས་སུ་ཞུགས།།
ཨ་ཧོ་ད་ནི་བསམ་གཞིགས་མགོ་བོ་དབྱིངས་སུ་དཔྱངས་དུས་ན།།
ཡབ་རྗེ་ཁྱོད་ཀྱི་བཀའ་དྲིན་ཉི་མའི་འོད་ཟེར་ཤིན་ཏུ་དྲན།།

མི་བུ་ལ་ལས་རྗེ་ཉིད་བསྟད་དེ་ཁྲི་བརྒྱར་ཡང་ཡང་འགོད།།
མཆོད་མེ་ཁྲི་འབུམ་མཆོད་དེ་དད་པའི་རྗེས་དྲན་ཡང་ཡང་ཞུ།།
ཡིན་ཡང་དེ་འདྲའི་འཇོན་ཐང་ཡག་པོ་ཕྲན་ལ་མེད་ན་འང་།།
ད་ལོའི་བོད་ཟླ་བཅུ་བའི་ཚེས་ཆེན་ཉེར་ལྔའི་ཉིན་གུང་འདིར།།
ལུས་ངག་ཡིད་གསུམ་གུས་ཏེ་ཚིག་རྐང་འགའ་ཡིས་རྗེས་དྲན་ཞུ།།
-----------------------------------------------------------------

ཉིས་སྟོང་བཅོ་ལྔ་ལོའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་གུང་ལ་རྗེ་ཁོང་ཚང་གི་མཛད་འཕྲིན་དྲན་ཞོར་བླུན་པོ་རང་ཉིད་ཀྱི་ཡིད་ཀྱི་འགྱུར་བ་ལས་བྱུང་བའི་ཚིག་འབྲུ་འགའ་དེ་མུར་ཁ་པར་དུ་གཏགས་སོ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།