མཚན་བཞུད། (ཞར་བཀོད་གཅིག)

གླེ་གཞིས་འཇམ་དབྱངས་ཐར།

IMG_1238.JPG

ད་ནས་བཟུང     རང་ཉིད་གཅིག་པུ་བཞུད་འདོད

ནམ་དཀྱིལ་ལ་སྤྱང་ཀི་ཞིག་ཏུ་སྤྲུལ་པར་ཧ་ཅང་སྐྲག

མཚན་ལམ་ནས་གཏད་དུ་ལངས་ཏེ་དཀར་སོ་གཡང་དུ་བོས

མེས་པོ་དག་ཟླ་བའི་སྒོར་ཁྱིམ་ནས་སྲོང་པོར་ཙོག་ཏེ

སྣང་སེམས་རབ་ཏུ་རྨུས་ནས      གདུང་བའི་ཚུལ་གྱིས

བདག་གི་འགྲས་ཚུལ་ལ་ཅེ་རེར་བལྟས་ཤིང

ཐེངས་དུ་མར་བདག་གི་ནགས་ཚལ་ལས་བརྒྱུད་མྱོང


རྩྭ་ཐང་གི་དྲག་རླུང་དང་གངས་འདབས་ཀྱི་སྨག

སྤང་གི་ནེམ་ཤ་བྱེ་རགས་ཀྱིས་མིད་ཀྱང་ཟད་རུང

བདག་གི་མིག་མདའ་ཅིས་ཀྱང་གབ་ཡིབ་མི་བཏུབ་སྟེ

འཆི་ཐུག་གི་འཕར་སྤྱང་ཞིག་གིས      རང་གི་ལྡོག་ལམ་འབྱེད་དུས

འཇིག་རྟེན་རིལ་མོའི་ཡོངས་ཀྱིས་ནམ་ཚེ་གཟུར་ངེས་ཡིན


རྣོ་ལྕགས་དང་ཨར་འདམ་གྱི་དབུས་ཚལ་ནས

འཇའ་གློག་ལ་འཁྲུལ་བའི་འཇམ་མཉེན་ལྡན་པ་དག

གོ་དང་མ་གོའི་སྣང་བས་གནས་བར་མེད་དུ་སྦགས་ཟིན་པས

བདག་གིས་རང་རིགས་ཅི་ཡང་མཐོང་ལམ་དུ་མ་མངོན

ཁེར་རྐྱང་དང་ངལ་བས་བདག་སེམས་མགོ་ནས་བཏོག་ནས

ནམ་ཞིག་གྲོང་ཟུར་གང་ནས་རུས་རྐང་བཞིན་གྱར

ཕུགས་རེ་དང་བསམ་དོན་གྱིས་བདག་ལ་གུ་ཡངས་གནོངས

2016-1-23ཉིན།

            

                          ཟླ་ཟེར།


ཟླ་བའི་བཀྲག་མདངས་འདིའི་ཀུ་ཅོ་ལ་ཨང

ཆེས་ཐོག་མའི་རྣམ་བཀྲའི་ཕུགས་རེ་དེ་ཡིན་བཟོ་འདུག

མཚན་མོར     གྲང་ལྷགས་ནི་མེ་ལོང་ངོ་གཉིས་བཞིན

གྲང་རེག་འཇམ་རྩུབ་འདྲེས་མས

སྔོན་ཆད་ཀྱི་ངང་ཚུལ་ཞིག་དང་ལྷན་ཅིག་སྦྱར


མདུན་ཅོག་སྟེང་ཐང་མར་བརྡལ་བ་དེ

འགོ་བསླངས་ཤིང་མཇུག་འགྲིལ་ཐབས་མེད་པ་སྟེ

ཁོ་ལག་མ་རྫོགས་པའི་གནད་དོན་དག

སུ་ཞིག་གིས་ཕྱི་གཏད་ཡང་ཡང་སློག་པས

བོར་ཟེགས་སུ་གྱུར་བའི་རིའི་བརྟན་བརླིང་བདའ་འམ

ཤུལ་མེད་དུ་འགྲས་བའི་མཚོ་མོའི་ཟབ་ཚད་འདེད་དམ


དྲན་དུ་གསོས་ན་བརྗོད་དུ་བྲལ་བ་དེ

སླུ་རུ་ལྷང་ཞིང་སྲེད་འཛིན་སློང་བའི་ཁྱོད་ཀྱི་ཞོ་ཤ་དང

ངོ་གདོང་དེའི་གཞོན་མདོག་ཏུ་སྙམ་པའི་རི་བོང་ཡིན་ཡང

གནམ་ས་འགེང་བའི་དཀར་ཆོས་དང་དཀར་ངོགས་ཁོ་ནར

ནམ་ཞིག་འདྲིས་ཡོད་བསམ་ན

ནམ་ཚེ་མཐར་ཐུག་བྱུང་ཡོད་དང་མཚུངས་སོ

 2016-1-21ཉིན།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།