​ལོ་མ།

ཆོས་ཤུལ་གསང་བདག


རླུང་གིས་ཁུར་བའི་ལོ་མའི་ངོས་སུ
འཆི་བ་ཞེས་པའི་ཡིག་འབྲུ་ཞིག་བྲིས་ཚར
སྤང་ཤོང་སྐྱ་ཐང་ཐིང་དེ་ནས
དགུན་ཟླ་ཞིག་གིས་སྒོ་ཟོག་དག་འཁྱག་ལ་སྦྱར་བ་ཇི་བཞིན
ལོ་མ་དེའང་ཉིན་ཞིག་སྲ་མཁྲེགས་སུ་གྱུར
དེ་ཡི་ངོས་ཀྱི་ཡིག་འབྲུ་དེ་དག
རླུང་གིས་ཡང་ཡང་བསེད

མི་ཚོགས་ཀྱིས་ཧབ་ཆ་འདྲེས་པའི
སྟོན་གྱི་མྱ་ངན་ཁུར་བའི་བགྲེས་སོང་ཁ་ཤས
ང་ཡི་མིག་མདུན་ནས་རེ་རེ་བཞིན་ཡལ་སོང
ཁོང་ཚོས་ཀྱང་འཆི་བ་ཟེར་བའི་ཡིག་འབྲུ་ཞིག་ཁྱེར་ཏེ
ཐེགས་དཀའ་བའི་སྒྱེ་མོ་མང་ཙམ་ཁུར་ནས
ང་ཡི་གཡས་དང་གཡོན་ནས་ལམ་ལ་ཆས
འགག་སྒོ་རེ་རེ་ལས་ཡིག་འབྲུ་དག་གཡུགས་ཤིང
སླར་ཡང་ངོ་མི་ཤེས་པའི་ང་ལ་འཕྲད་པར་འོང་སྲིད

ཀེང་རུས་ཀྱིས་ས་གཞི་གང་བའི་དུས་དེ་ནི
ང་ཡི་རུམ་ནས་བོར་བའི་ཡིག་འབྲུ་དེ་དག་དང་འདྲ་ལ
མིག་མདུན་ན་སྐྱ་ལེབ་ལེབ་ཏུ་འབབ་པའི་ཁ་བ་དེ་ལས
སང་གི་མཛེས་སྡུག་ནི་རྨི་ལམ་ཙམ་མོ
འབའ་སྒྲ་ནི་དམའ་ཞིང་ཉམ་ང་ལ
རྨིག་མགོ་ཕྱིད་པའི་ལུ་གུ་དེ་དག
དཔྱིད་ཀྱི་ཧམ་སེམས་ཀྱིས་མིད་ཅིང
ང་ཡི་སང་ཉིན་ལ་རྒོལ་རྡུང་ཡང་ཡང་བྱས
ལག་གི་ཕོར་བ་དེའང་ཆག་གྲུམ་གྱིས་ཟིན

མེ་ཏོག་གིས་མིག་དབང་བསྲེགས་པར་བརྩམས
ཡུལ་ལྗོངས་གཞན་ཞིག་མདུན་ནས་མདུན་དུ་ཁྲིད་ཅིང
རླུང་གི་ཤག་སྒྲ་ལས་འཆི་བ་ཞེས་པའི་ཡིག་འབྲུ་ཞིག་མངོན་ཡོང
ཆུ་ཐིགས་ཤིག་ས་རུ་ཟགས་པ་དང་ཀུན་ནས་མཚུངས་ཤིང
དེ་ཡི་གསེང་དུ་ཡིབ་པའི་འབུ་དང་གྲོག་མའི་ཚོགས
ང་དང་ཡང་དང་བསྐྱར་དུ་འཕྲད་པར་བྱས
ལམ་ཐག་ནི་མི་འདྲ་ནའང
མཐའ་མའི་རྨི་ལམ་དུ་ཅི་འདྲའི་མཚུངས་ཨང


ཕྱི་ལོ༢༠༡༤ལོའི་ཟླ༡པོའི་ཚེས༡༤དགོང་མོར་སྦྱར།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།